ཝང་ཅན་ཅུན་དང་ལིག་ཉིང་གཉིས་མཚོ་སྔོན་ཞིང་ཆེན་གྱི་འཛམ་གླིང་ཁོར་ཡུག་ཉིན་མོའི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་ལ་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་ལྔ་ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཐེངས་ཞེ་བརྒྱད་པ་རེད། ཉིན་དེའི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གཉིས་ཟི་ལིང་གྲོང་ཁྱེར་ལྟེ་གནས་ཐང་ཆེན་དུ་སོང་ནས། དགུང་སྔོན་སྲུང་སྐྱོབ་དང་དྲུག་ལྔའི་འཛམ་གླིང་ཁོར་ཡུག་ཉིན་མོའི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་ལ་ཞུགས། 

བྱ་འགུལ་སྟེང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2019ལོའི་འཛམ་གླིང་ཁོར་ཡུག་ཉིན་མོའི་ཚོགས་ར་གཙོ་བོའི་བྱ་འགུལ་ལ་བསྐུར་བའི་རྟེན་འབྲེལ་གློག་འཕྲིན་གྱི་དགོངས་དོན་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་མངག་བཅོལ་སེམས་སུ་བརྟན་པོར་འཛིན་པ། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་བསྟར་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་དེའི་ཁྲོད་ཞུགས་པར་སྐུལ་སློང་བྱས་ནས། ཉི་མ་རེ་རེ་ཁོར་ཡུག་ཉིན་མོ་རུ་འགྱུར་བར་བྱེད་དགོས། ཡུས་ཚོང་ལི་དང་ཐེན་ཅིན་ཁྲིན་གཉིས་བྱ་འགུལ་ལ་ཞུགས།

བྱ་འགུལ་ཡུལ་དངོས་སུ། ཝང་ཅན་ཅུན་དང་ལིག་ཉིང་གཉིས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་བགར་སྒྲིག་ཆས་ཀྱི་མདུན་དུ་སོང་ནས། གད་སྙིགས་རིགས་བགར་ཕྱིར་བསྡུ་སྒམ་གྱི་ལག་བསྟར་བརྒྱུད་རིམ་དང་གད་སྙིགས་རིགས་བགར་སྒམ་གྱི་རྩོལ་ནུས་ཐད་ནས་རྒྱུས་ལོན་གསལ་བོ་བྱས། ཡུལ་དངོས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གད་སྙིགས་རིགས་བགར་བྱ་བའི་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་། དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དང་མང་ཚོགས་དམངས་ཚིས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་པ་མཚོན་ཡོད། གད་སྙིགས་རིགས་བགར་ནི་དོན་ཆུང་ཞིག་མིན་པས། གཙོ་གཞི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། ཚན་རིག་དང་མཐུན་པའི་དོ་དམ་ལ་ཤུགས་སྣོན་པ། དྲིལ་སྒྲོག་རྒྱ་ཆེར་བྱས་ནས། བྱ་བའི་ཐད་ནས་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བ། མང་ཚོགས་ལ་རང་རྟོགས་ཡོད་པའི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་དཔལ་ཡོན་སྲོལ་གསར་གྲུབ་པར་བྱེད་དགོས་ཟེར།

ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་ཡུལ་དངོས་ཀྱི་བྱ་བའི་མི་སྣར་ལག་འཇུ་དང་བརྗེ་རེས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་དང་མཁའ་དབུགས་སྤུས་ཚད་མཐོར་འདེགས་གཏོང་བ། ཁྲིམས་འཛིན་ནུས་པ་ཇེ་དྲག་ཏུ་གཏོང་བ། ནུས་ཁུངས་གྲོན་ཆུང་ལག་བསྟར་བྱེད་པ། སྤྱི་ཕན་བྱ་འགུལ་སྤེལ་བ་སོགས་ཀྱི་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས་པ་དང་། མཚོ་སྔོན་གྱི་ཆེས་མཛེས་པའི་ཁོར་ཡུག་སྲུང་སྐྱོབ་མི་སྣ་བཅུ་ཡི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། ཁོ་ཚོ་སྤོབས་པ་ཆེན་པོས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཁྲོད་ཞུགས་རྒྱུའི་སྐུལ་མ་བཏང་།

བྱ་འགུལ་ཁྲོད། ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོབ་སྦྲག་ལམ་ཐོག་མ་ལག་བསྟར་བྱེད་འགོ་རྩོམ་པའི་མཛད་སྒོའི་སྟེང་མིང་བཀོད་པ་དང་། འབྲེལ་ཡོད་ཕྱོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་བརྒྱུད་སྒྲོག་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོབ་འགུལ་སྐྱོད་སྤེལ་ནས། མཚོ་བོད་ལྕགས་ལམ་གྱི་ལྗང་མདོག་དག་གཙང་གི་སྦྲག་ལམ་འཛུགས་སྐྲུན་བྱེད་རྒྱུའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།