ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་དང་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་དོན་སློབ་གསོ་དཔེ་ཀློག་འཛིན་གྲྭ་བསྡུས།
ཁོས་ནན་གྱིས་བསྟན་དོན། སློབ་སྦྱོང་ནན་མོ་བྱེད་པ་དང་ཡང་དང་བསྐྱར་དུ་སློབ་སྦྱོང་བྱེད་པ། སློབ་སྦྱོང་གཏིང་ཟབ་བྱས་ནས། སློབ་སྦྱོང་གྲོས་ཚོགས་དང་དཔེ་ཀློག་འཛིན་གྲྭ་དེ་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བའི་གློག་འདོན་འཕྲུལ་ཆས་ལྟ་བུར་འགྱུར་བར་བྱེད་པ་དང་། སློབ་སྦྱོང་བཟང་བོ་བྱེད་པ་དང་སློབ་གསོ་ཟབ་མོ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ཏུ། ཝང་ཅན་ཅུན་གྱིས་འགོ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་སེམས་འདུན་མི་བརྗེད་པརར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་པ་དང་། ལིག་ཉིང་གིས་འགོ་ཁྲིད་དེ་བློ་མཐུན་ཝང་ཧུའུ་ཉིང་གི་སྤྱི་སྡོམ་གཏམ་བཤད་སློབ་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་དང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་བཅས་ཀྱིས་སོ་སོར་སློབ་སྦྱོང་གི་མྱོང་ཚོར་བརྗེ་རེས་བྱས།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཐེངས་འདིའི་བརྗོད་དོན་སློབ་གསོའི་བརྗོད་དོན་ནི་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་དེ་ཡིན་ལ། སློབ་གསོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དེ་ཡིན། ཀྲུང་དབྱང་གིས་བརྗོད་དོན་གཏན་ཁེལ་བྱེད་པ་དང་ཏང་ཡོངས་ཀྱིས་སློབ་གསོ་དང་ལེན་བྱེད་དགོས། སློབ་གསོ་དང་ལེན་བྱེད་པའི་ཐད་ནས། གཅིག་ནས་རྣམ་འགྱུར་ཡང་དག་འཛིན་པ་དང་། གཉིས་ནས་རང་རྟོགས་སྒོས་སློབ་སྦྱོང་བྱེད་པ། གསུམ་ནས་རྒྱུས་ལོན་གཏིང་ཟབ་བྱེད་པ། བཞི་ནས་ཉིན་རྒྱུན་དུ་བརྗེ་རེས་བྱེད་པ། ལྔ་ནས་འགོ་ཁྲིད་མི་སྣས་སྣེ་ཁྲིད་པ་བཅས་བྱེད་རྒྱུ་ཧ་ཅང་གལ་ཆེ་ཟེར།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་ཏང་ཡོན་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས་བཅས་ཀྱི་ཏང་ཙུའུ་དང་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཏང་ཨུའི་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་བཅས་གྲོས་ཚོགས་དང་དཔེ་ཀློག་འཛིན་གྲྭར་ཞུགས། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་དང་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་དོན་སློབ་གསོ་དཔེ་ཀློག་འཛིན་གྲྭ་བསྡུས།