རྨ་ལྷོ་ཁུལ་གྱིས་ཡུལ་གཞན་གནས་སྤོར་མང་ཚོགས་ཕྱུག་པོར་བསྒྱུར་བའི་ཐད་ཤུགས་ཆེན་པོ་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལྔ་གཅིག་དུས་ཆེན་སྐབས་སུ། གཅན་ཚ་རྫོང་བདེ་སྐྱིད་སྡེ་བས་ཉིན་བཞིའི་ནང་བསྡོམས་པས་མགྲོན་པོ་ཁྲི་གཅིག་དང་སྟོང་བདུན་སྣེ་ལེན་བྱས་པ་དང་། གནས་སྐོར་ཡོང་སྒོ་སྒོར་འབུམ་གཉིས་དང་ཁྲི་གསུམ་ཙམ་ལ་སླེབས།

2016ལོ་ནས་ད་བར་དུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་རིགས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་ས་ཡ་དགུ་བཏང་ནས། རྗེས་མཐུད་རོགས་སྐྱོར་དང་ཐོན་ལས་འདེགས་སྐྱོར་ལ་སྐུལ་འདེད་བཏང་བ་དང་། ཡུལ་གཞན་གནས་སྤོར་གྱི་རྗེས་མཐུད་འཕེལ་རྒྱས་ཐད་ཀྱི་བྱ་བ་ཁྱོན་ཡོངས་ནས་བསྒྲུབས་ཏེ། དབུལ་ཕོངས་མང་ཚོགས་ཀྱི་གནས་སྤོར་བྱེད་པ་དང་ཕྱུག་བསྒྱུར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས། རྨ་ལྷོ་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་སོ་སོས་དུས་སྔོན་གྱི་ཞིབ་བཤེར་མཐིལ་རྟོགས་བརྒྱུད་དེ། གནས་སྤོར་བཀོད་སྒྲིག་བྱེད་སའི་ཆུ་སའི་ཐོན་ཁུངས་ཆ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བཏང་བ་དང་། ལས་ཞུགས་ནུས་པ་དང་ཐོན་ལས་འཕེལ་རྒྱས་སྦས་ཤུགས། གཞི་རྩའི་སྤྱི་ཐུན་ཞབས་ཞུའི་མཁོ་འདོན་ནུས་པ་སོགས་མཐོར་འདེགས་བཏང་ལ། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་འོས་འཚམ་བྱས་ནས། དབུལ་ཕོངས་མང་ཚོགས་ཀྱི་མི་སྡོད་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་། དེ་དང་མཉམ་དུ། རིགས་མི་འདྲ་བའི་མ་དངུལ་སྣ་ཚོགས་མཉམ་བསྲེས་དང་བཀོལ་སྤྱོད་བཟང་བོ་བྱས་པ་དང་། ཡུལ་གཞན་གནས་སྤོར་གཅིག་བསྡུས་བཀོད་སྒྲིག་ཁུལ་གྱི་ཆུ་གློག་ལམ་གསུམ་དང་སྡེ་བ་རིམ་པའི་བྱ་འགུལ་སྤེལ་ས། ཏང་ཡོན་བྱ་འགུལ་ཁང་། སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་། བྱིས་སྐྱོང་ཁང་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་བརྒྱུད་དེ། དབུལ་ཕོངས་མང་ཚོགས་ཁང་བ་གསར་བ་ནང་འདུག་ཐུབ་པར་བྱས་པ་མ་ཟད། ད་ཡོད་ཀྱི་སྟབས་བདེ་ཆ་རྐྱེན་ལ་རྒྱབ་རྟེན་ནས་འཚོ་བ་བཟང་བོ་རོལ་ཐུབ་པར་བྱས།

རྨ་ལྷོ་ཁུལ་གྱིས་མཁར་གྲོང་ཐོན་ཁུངས་རྒྱུ་ཆར་བཀོད་སྒྲིག་འོས་འཚམ་བྱས་པ་དང་། གཅིག་བསྡུས་བཀོད་སྒྲིག་དང་ཁ་གྲམ་བཀོད་སྒྲིག་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ། དབུལ་ཕོངས་མང་ཚོགས་རྫོང་མཁར་གྱི་མཐའ་འཁོར་དང་ཞང་དང་གྲོང་བརྡལ་ཡོད་ས། ཞིང་སྡེ་གནས་སྐོར་ཁུལ་དུ་བསྡུ་རུབ་བྱེད་པར་སྣེ་ཁྲིད་བྱས་པ་དང་། གནས་སྤོར་བཀོད་སྒྲིག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས། མི་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་། ཐོན་ལས་དར་སྤེལ་དང་འཚོ་བ་འབྱོར་ཕྱུག་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།