ཞུན་ཧྭ་རྫོང་གི་བོན་ཚང་མ་སྡེ་བའི་འགྱུར་ལྡོག

ཟླ4པའི་ཟླ་དཀྱིལ་དུ། ཞུན་ཧྭ་རྫོང་མཁར་དུ་སྔོ་ལྗང་གཡུ་ལོ་ཐགས་སུ་བཀྲ་ཞིང་། སྡུག་གུར་གྱི་མེ་ཏོག་སྣ་ཚོགས་ལྷམ་མེར་བཞད་ཡོད་པས། ང་ཚོའི་གསར་འགོད་ཚན་ཆུང་ཡང་དཔྱིད་ཀའི་མཛེས་པ་འདི་ཉིད་ལོངས་སུ་སྤྱོད་མཁན་དུ་གྱུར། ཟླ4པའི་ཚེས16ཉིན། ང་ཚོ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་ཕྱག་ཡུལ་བརྒྱུད་ནས་རྐང་ཚ་ཞང་གི་ཕྱོགས་སུ་སྐྱོད་སྐབས། ལམ་བར་ནས་ཁང་པའི་ཕྱི་མཁར་སོ་ཕག་དམར་པོས་བརྩིགས་ཡོད་ཅིང་། གཞུང་ལམ་གྱི་གཡས་གཡོན་གཉིས་སུ་ཀུང་སི་མི་འདྲ་བ་དུ་མའི་སྒོ་བྱང་བཀལ་ཡོད་པའི་བོན་ཚང་མ་སྡེ་བ་མིག་ལམ་དུ་ཐོགས་པ་ན། བལྟས་ཚོད་ཀྱིས་འཕེལ་རྒྱས་ཀྱི་གོམ་སྟབས་མྱུར་བའི་སྡེ་བ་ཞིག་ཏུ་སྣང་བས། ང་ཚོའི་ཡིད་ཀྱི་དང་བ་ཅིག་ཅར་དུ་དྲངས།

WX20190524-124227@2x.png

ཞུན་ཧྭ་རྫོང་དང་ཐུན་རིན་རྫོང་བར་གྱི་གཞུང་ལམ་འགྲམ་རྒྱུད་དུ་ཆགས་ཡོད་པའི་བིས་མདོ་བོན་ཚང་མ་སྡེ་བ།

བིས་མདོ་བོད་རིགས་ཞང་གི་ཞང་ཀྲང་གཞོན་པ་གཡང་སྐྱབས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། བོན་ཚང་མ་སྡེ་བ་ནི་བིས་མདོ་ཞང་ལས་མི་གྲངས་ཅུང་མང་བའི་སྡེ་བར་གཏོགས་ཤིང་། ད་ལྟ་ཁྱིམ་ཐོ་ཡོད་པའི་ཁྱིམ་ཚང103དང་། མི་གྲངས600ཙམ་ཡོད། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་ཀྱིས་ཁེ་ལས་འཕེལ་རྒྱས་ཐད་ལ་རྒྱབ་སྐྱོར་དང་རོགས་རམ་གང་མང་གནང་བཞིན་ཡོད་པས། བོན་ཚང་མ་སྡེ་བས་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་གོང་རིམ་ནས་ལས་གཞི་སྣ་ཚོགས་ཧུར་ཐག་གིས་བརྩོན་ལེན་བྱས་པ་དང་། རང་དང་འཚམ་པའི་ཀུང་སི་དང་ནོར་ལུག་གསོ་སྤེལ་ཁང་སོགས་འཛུགས་མགོ་བརྩམས། ད་ལྟ་སྡེ་བ་དེར་ཐོ་འགོད་བྱས་ཡོད་པའི་ཀུང་སི་བཅུ་ལྷག་ཡོད་པ་དང་། དངོས་སུ་ལས་གཉེར་བྱེད་བཞིན་པའི་ཀུང་སི་ལྔ་ཡོད། འདི་ནི་ཞུན་ཧྭ་རྫོང་གི་བོད་རིགས་སྡེ་བ་གཞན་དག་དང་བསྡུར་ན་དངོས་གནས་བློ་ཡུལ་ལས་འགོངས་པ་ཞིག་རེད། ཀུང་སི་དེ་དག་གིས་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་རིགས་མི་འདྲ་བ་ཐོན་སྐྱེད་བྱེད་བཞིན་ཡོད་དེ། དཔེར་ན། བཀྲ་ཤིས་ནོར་ལེ་ཀུང་སི་ནི་གཙོ་བོ་བོད་སྤོས་ཐོན་སྐྱེད་བྱེད་པའི་བཟོ་གྲྭ་ཞིག་ཡིན་ལ། ཞུན་ཧྭ་རྫོང་བོད་ལུགས་ཁྱིམ་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སིས་གཙོ་བོ་ཤིང་གི་རྒྱ་སྒོ་ལས་བཞིན་ཡོད། གཞན་སྒང་བ་བོད་ཀྱི་རིག་གནས་དར་སྤེལ་ཚད་ཡོད་ཀུང་སིས་ཐང་ཀ་འབྲི་བཞེངས་བྱས་ཏེ་ནང་ལོགས་ཀྱི་ས་ཆ་གང་མང་ཞིག་ལ་འཚོང་བཞིན་ཡོད། ཀུང་སི་དེ་དག་གི་ལོ་རེའི་ཡོང་སྒོ་རྐྱང་བ་སྒོར་ཁྲི20ནས30བར་ལ་སླེབས་ཀྱིན་ཡོད་ཅིང་། ཀུང་སི་སོ་སོའི་ལས་བཟོ་པ་ཕལ་མོ་ཆེ་ཡང་བོན་ཚང་མ་སྡེ་བའི་སྡེ་མི་ཡིན་པས། དེ་དག་གིས་བོན་ཚང་མ་སྡེ་བའི་དཔལ་འབྱོར་འཕེལ་རྒྱས་ཐད་ནུས་པ་བླ་ལྷག་བཏོན་དང་འདོན་བཞིན་ཡོད།

བྱ་དངོས་གང་ཞིག་ཡིན་རུང་དེ་འཕེལ་རྒྱས་སུ་འགྲོ་དགོས་ན་གོ་རིམ་གང་མང་ཞིག་བརྒྱུད་དགོས་པ་ནི་ལྡོག་མེད་ཀྱི་ཆོས་ཉིད་དུ་འཁུམས་པས། བོན་ཚང་མ་སྡེ་བའང་སྔོན་ཆད་ནས་བཟུང་སྟེ་འབྱོར་ཕྱུག་ལྡན་པའི་སྡེ་བ་ཞིག་ཡེ་ནས་མིན་ཏེ། སྤོ་བོ་ལྕགས་བྷ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་ངོ20ཡི་ཡར་སྔོན་དུ། བོན་ཚང་མ་སྡེ་བ་ནི་ཁོ་ཚོས་ལ་ཁའམ་སྒང་ཏ་ར་ཞེས་འབོད་ཅིང་། ད་ལྟའི་ཆགས་གནས་ལས་བར་ཐག་ཅུང་རིང་བའི་སྒང་མགོར་ཆགས་ཡོད་པས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་མིན་ལ། སྐབས་དེར་སྡེ་བའི་ནང་དུ་ཀུང་སི་ཞིག་འཛུགས་རྒྱུ་ཕར་ཞོག ཐ་ན་ཡུལ་གཞན་དུ་ཞོར་ལས་སུ་འགྲོ་མཁན་ཡང་ཤིན་ཏུ་ཉུང་ལ། སྡེ་མི་རྣམས་ཀྱིས་ཞིང་ལས་ཁོ་ནར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པས། སྐབས་དེ་དུས་ཀྱི་འཚོ་བ་ནི་ད་ལྟ་དང་བསྡུར་ཐབས་མེད་པ་ང་ཚོས་ཚོད་དཔག་བྱེད་ཐུབ། ཡིན་ཡང་། རྗེས་སུ་རྒྱལ་ཁབ་ཀྱི་གཞན་སར་གནས་སྤོར་བྱེད་པའི་སྲིད་ཇུས་ལ་བརྟེན་ནས་ཁོ་ཚོ་འཕེལ་རྒྱས་ཀྱི་ལམ་ཁར་ཐོག་མར་སྙེག་མགོ་བརྩམས་ཏེ། 2005ལོར་བོན་ཚང་མ་སྡེ་བ་སྔ་མའི་ཆགས་གནས་ལས་ད་ལྟའི་ཞུན་ཧྭ་རྫོང་དང་ཐུན་རིན་རྫོང་བར་གྱི་གཞུང་ལམ་འགྲམ་རྒྱུད་དུ་གནས་སྤར་ཞིང་། སྐབས་དེ་ནས་བཟུང་འགྲིམ་འགྲུལ་སྔར་ལས་ལྡབ་འགྱུར་གྱིས་སྟབས་ཇེ་བདེར་སོང་བ་དང་། སྡེ་མི་རྣམས་ཀྱི་བསམ་བློར་ཡང་འགྱུར་ལྡོག་བྱུང་སྟེ་ཚོང་ལས་དང་ལག་རྩལ་གྱི་ཕྱོགས་སུ་གཞོལ་མགོ་བརྩམས།

WX20190524-124250@2x.png

བིས་མདོ་བོན་ཚང་མ་སྡེ་བའི་བཀྲ་ཤིས་ནོར་ལེ་ཀུང་སི།

དམངས་ཀྱི་འཚོ་བར་འགྱུར་ལྡོག་འབྱུང་དགོས་ན། ཐོག་མར་དམངས་ཀྱི་བསམ་བློར་འགྱུར་ལྡོག་འབྱུང་རྒྱུ་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་དུ་གྱུར་ཡོད། 2012ལོར་བོན་ཚང་མ་སྡེ་བའི་སྡེ་མི་གཅོད་པ་ཚེ་རིང་གིས་ཐོག་མར་སྡེ་བའི་ནང་དུ་བཀྲ་ཤིས་ནོར་ལེ་ཀུང་སི་བཙུགས་ཏེ་ཡོང་སྒོའང་མི་དམན་པ་ཞིག་བླངས་པ་ན། སྡེ་མི་གཞན་པར་ཡང་ཀུང་སི་གཉེར་འདོད་ཀྱི་བསམ་བློ་སྐྱེས་སུ་བཅུག ཤིང་བཟོ་རྣམ་རྒྱལ་གྱིས་བཤད་རྒྱུར། “སྔོན་ཆད་ང་ཤིང་བཟོ་ཞིག་ཡིན་པ་དང་། ནམ་རྒྱུན་ས་ཆ་གཞན་དང་སྡེ་བ་གཞན་པར་ཤིང་ལས་བྱེད་དུ་འགྲོ་བཞིན་ཡོད། རྗེས་སུ་བཀྲ་ཤིས་ནོར་ལེ་ཀུང་སི་གཉེར་བ་མཐོང་བས། རང་ཉིད་ལའང་ཤིང་ལས་ཀྱི་ལག་རྩལ་ཡོད་པས་ཤིང་ལས་སྐོར་གྱི་ཀུང་སི་ཞིག་གཉེར་འདོད་ཀྱི་བསམ་བློ་སྐྱེས་ནས། 2013ལོར་བོད་ལུགས་ཁྱིམ་ཆས་བཟོ་སྐྲུན་ཀུང་སི་འདི་བཙུགས་ཏེ་གཙོ་བོ་ཤིང་གི་རྒྱ་སྒོ་ལས་མགོ་བརྩམས། 2015ལོར་ང་ཚོས་བསྡོམས་པས་རྒྱ་སྒོ170ལྷག་ལས་པ་དང་། རྒྱ་སྒོ་རེར་སྒོར19500བྱས་ཏེ་བཙོངས་པས། ཡོང་སྒོ་མི་དམན་པ་ཞིག་ལེན་ཐུབ་སོང་།”དེའི་རྗེས་རིམ་བཞིན་སྡེ་མི་དཀོན་མཆོག་ཚེ་བརྟན་དང་ལྷ་རྒྱལ་སོགས་ཀྱིས་ནོར་ལུག་གསོ་སྤེལ་ཁང་བཙུགས་ཏེ་ཞོ་དང་འོ་མ་སོགས་ཀྱི་ཐོན་རྫས་ཐོན་སྐྱེད་བྱས་པ་དང་། རྡོ་རྗེ་རབ་བརྟན་དང་འཇམ་དབྱངས་སྐྱབས་སོགས་ཀྱིས་བོན་ཚང་མ་སྡེ་བའི་རི་མའི་ས་ཞིང་འགན་གཙང་ལེན་བྱས་ཏེ། ས་ཞིང་དུ་སྐེ་ཚེ་དང་ཞོག་ཁོག སྨན་རྩྭ། སྲན་ཆེན་སོགས་བཏབ་སྟེ་ཡོང་སྒོ་འཕར་བས། བོན་ཚང་མ་སྡེ་བ་རུ་ཚོང་ལས་ལ་གཞོལ་བའི་འཕེལ་རྒྱས་ཀྱི་ཚ་རླབས་ཤིག་དྲག་ཏུ་འཕྱུར། དེར་བརྟེན། བཀྲ་ཤིས་ནོར་ལེ་ཀུང་སི་ནི་བོན་ཚང་མ་སྡེ་བའི་ཀུང་སི་གཞན་དང་ནོར་ལུག་གསོ་སྤེལ་ཁང་སོགས་ཀྱི་སྣེ་ཁྲིད་མཁན་ཡིན་ཞེས་བརྗོད་ཆོག་པ་དང་། སྡེ་མི་རྣམས་ཀྱི་བསམ་བློ་ཚོང་ལས་ཀྱི་ཕྱོགས་སུ་སྐོར་མཁན་ཡང་ཡིན་ཞེས་བརྗོད་ཆོག་པས། འཕེལ་རྒྱས་ཀྱི་ཕྱོགས་སུ་འདྲེན་པའི་སྣེ་ཁྲིད་མཁན་བཟང་པོ་ཞིག་ནི་སྡེ་བ་ཞིག་ལ་མཚོན་ན་ཅི་འདྲའི་གལ་ཆེ་བའང་ཞོར་ནས་རྟོགས་ཐུབ།

བིས་མདོ་ཞང་བོན་ཚང་མ་སྡེ་བར་མཚོན་ན། བསོད་ནམས་ཐར་གྱིས་གཉེར་བཞིན་པའི་སྒང་བ་བོད་ཀྱི་རིག་གནས་དར་སྤེལ་ཚད་ཡོད་ཀུང་སིས་ཀྱང་ནུས་པ་གང་མང་ཞིག་ཐོན་ཡོད་དེ། 2013ལོའི་ཟླ12པར་ཀུང་སི་བཙུགས་པ་ནས་བཟུང་། བསོད་ནམས་ཐར་གྱིས་ཐང་ག་འབྲི་བཞེངས་སྐོར་ནས་སློབ་མ་སྐྱེད་སྲིང་བྱས་པར་མ་ཟད། ཀུང་སི་རུ་ཐང་ག་འབྲི་ཤེས་པའི་སྡེ་མིའང་དུ་མ་ཞིག་བསྡུས། ཀུང་སི་དེའི་ཤུགས་རྐྱེན་འོག བོན་ཚང་མ་སྡེ་བའི་ན་གཞོར་སྐོར་ཞིག་ཐང་གའི་ལག་རྩལ་སྦྱོང་བའི་ལམ་དུ་ཞུགས་ཤིང་། ད་ལྟ་བོན་ཚང་མ་སྡེ་བ་རུ་ཐང་ག་དང་འབག་བཟོ་སྦྱོང་མཁན་ཧ་ལམ་མི30ཙམ་ཡོད་པ་དང་། དེ་དག་གིས་རེབ་གོང་སེང་གེ་གཤོང་དང་སྐུ་འབུམ་སོགས་སུ་ལྷ་རིས་སྒྱུ་རྩལ་ལ་སློབ་སྦྱོང་བྱེད་བཞིན་ཡོད། བོན་ཚང་མ་སྡེ་བ་རུ་ས་ཆ་གཞན་དུ་ཟ་ཁང་དང་ཚོང་ཁང་ཕྱེས་ཡོད་པའི་ཁྱིམ་ཚང་ཡང་རེ་འགའ་ཞིག་ཡོད་ལ། གཞན་ད་དུང་སྡེ་བ་དེར་ཁྱད་ཆོས་གཞན་ཞིག་ཡོད་པ་ནི། སྡེ་བའི་མཐུན་སྒྲིལ་ཧ་ཅང་བཟང་བ་དེ་རེད། གལ་ཏེ་སྡེ་བས་གོང་རིམ་ནས་ལས་གཞི་ཞིག་བརྩོན་ལེན་བྱེད་ཐུབ་པ་ཡིན་ན། སྡེ་བས་ལས་གཞི་དེ་ཀུང་སི་དག་ལ་འདོན་སྤྲོད་བྱེད་པ་དང་། ཀུང་སི་དག་གིས་ལོ་མཇུག་ཏུ་བསྡོམས་པས་སྒོར་ཁྲི20ཡས་མས་ཤིག་སྡེ་བ་གཞུང་ལ་བྱིན་ཏེ། སྡེ་བའི་ཆུ་གློག་ལམ་གསུམ་སོགས་ལ་བསྒྱུར་བཀོད་བྱེད་པའི་སྲོལ་ཡང་དར་ཡོད།

མདོར་ན། བོན་ཚང་མ་སྡེ་བའི་ད་ལྟའི་འགྱུར་ལྡོག་ནི་ཐོག་མར་བསམ་བློར་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། སྡེ་མི་རྣམས་ཀྱི་བློ་ཁ་ཚོང་ལས་དང་ལག་རྩལ་གྱི་ཕྱོགས་སུ་གཞོལ་མགོ་བརྩམས་ཏེ་བྱུང་བ་ཡིན་ལ། མཐུན་སྒྲིལ་གྱིས་ཀྱང་སྡེ་བའི་འགྱུར་ལྡོག་དང་འཕེལ་རྒྱས་ལ་ཟུར་བརྒྱན་པས། བོན་ཚང་མ་སྡེ་བས་མཐའ་འཁོར་གྱི་སྡེ་བ་གཞན་དག་ལ་མིག་དཔེ་བཟང་པོ་ཞིག་བསྟན་ཡོད་དོ། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།