རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར4.7བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་བསྐྱུར་རྩྭ་གསོའི་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱུགས་བསྐྱུར་རྩྭ་གསོའི་ལས་གཞི་ནི་རྩྭ་ཐང་གི་ཐོན་སྐྱེད་ནུས་ཤུགས་སླར་གསོ་དང་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། འབྲོག་པའི་འཚོ་བའི་ཆུ་ཚད་ཇེ་བཟང་དུ་གཏོང་བ། རྩྭ་ཐང་དང་འབྲོག་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས་མཚོ་སྔོན་ཞིང་ཆེན་གྱིས་སྔར་བས་མཐོང་ཆེན་བྱས་ནས་རྒྱལ་ཁབ་ཀྱིས་ལས་གཞི་དེར་རྒྱབ་སྐྱོར་བྱ་རྒྱུ་བརྩོན་ལེན་ཧུར་ཐག་བྱེད་ཀྱིན་ཡོད། ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡིས་མ་དངུལ་སྒོར་དུང་ཕྱུར4.736བཀོད་སྒྲིག་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི2019ལོའི་ཕྱུགས་བསྐྱུར་རྩྭ་གསོའི་ལས་གཞིའི་ཐད་བཀོད་སྤྱོད་བྱ་རྒྱུ་དང་ཁྱོན་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་མོའི་ས་ཁུལ་གྱི་ཕྱུགས་བསྐྱུར་རྩྭ་གསོའི་ལས་གཞི་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པ་རེད། 

མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་ནི་རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པ་དང་མངའ་ཁོངས་སུ་རང་བྱུང་རྩྭ་ཐང་མུའུ་དུང་ཕྱུར5ལྷག་ཙམ་ཡོད་པ་རེད། རང་རྒྱལ་གྱི་འབྲོག་ཁུལ་ཆེ་གྲས་ལྔའི་ཡ་གྱལ་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱིས2003ལོ་ནས་བཟུང་ཕྱུགས་བསྐྱུར་རྩྭ་གསོའི་ལས་གཞི་ལག་བསྟར་བྱས་པ་དེས་སྐྱེ་ཁམས་ཉམས་ཞན་དུ་འགྲོ་བའི་རང་བྱུང་རྩྭ་ཐང་སྔར་བས་མང་བར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར4.7དེ་གཙོ་བོ་གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་མོའི་ས་ཁུལ་གྱི་རྩྭ་ར་མུའུ་ཁྲི10དང་། གནོད་ལྡན་རྩྭ་རིགས་མུའུ་ཁྲི20བཅོས་སྐྱོང་། ཞན་འགྱུར་རྩྭ་ཐང་མུའུ་ཁྲི280ལེགས་བཅོས། མིས་ཐབས་ལ་བརྟེན་ནས་རྩྭ་ས་མུའུ་ཁྲི40འདེབས་པ། ས་ནག་གྲམ་ཐང་མུའུ་ཁྲི88བཅོས་སྐྱོང་སོགས་ཀྱི་ཐད་བཀོལ་སྤྱོད་བྱ་རྒྱུ་རེད། ལས་གཞི་ལག་བསྟར་བྱས་པ་བརྒྱུད་རོང་འབྲོག་མང་ཚོགས་ལ་རོགས་རམ་བྱས་ཏེ་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་སྒྱུར་བ་དང་། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ཞན་འགྱུར་གྱི་རྣམ་པ་བཀག་འགོག་བྱེད་པ། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་དང་རྩྭ་ཐང་འབྲོག་ལས་ཀྱི་གཞི་རྩའི་ཐོན་སྐྱེད་ཆ་རྐྱེན་ལེགས་སུ་གཏོང་ཐུབ་པ་མ་ཟད། ད་དུང་ཞན་འགྱུར་དང་བྱེ་འགྱུར་རྩྭ་ཐང་རང་ངོས་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པ་དང་། རྩྭ་ཐང་གི་སྔོ་ཁེབས་མང་དུ་གཏོང་ཐུབ་པ། རྩྭ་ཐང་གི་ཐོན་ཁུངས་རྒྱུན་སྲིང་བེད་སྤྱོད་ཐུབ་པ་བཅས་མངོན་འགྱུར་བྱེད་ཐུབ། 

མིག་སྔར། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་བླང་བྱ་ལྟར་མ་དངུལ་འཇོག་བའི་འཆར་གཞི་ས་ཁུལ་ཁག་ཏུ་བགོ་སྤྲོད་བྱས་པ་དང་། གོམ་སྟབས་རྗེས་མར་འབྲེལ་ཡོད་ཚན་པ་ཁག་གིས་ས་ཁུལ་ཁག་གི་རྫོང་རིམ་པའི་ལས་སྒྲུབ་ཇུས་འགོད་གང་མགྱོགས་བཟོ་རྒྱུར་སྐུལ་འདེད་བཏང་ནས་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་ཐུབ་པར་བརྩོན་ལེན་དང་། འཛུགས་སྐྲུན་ལས་འགན་ལག་བསྟར་བྱེད་ཚད་མགྱོགས་སུ་བཏང་ནས་ལས་གཞི་གང་མགྱོགས་སྒོས་བསྐྲུན་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།