གློག་བརྙན《སྲིད་པའི་མེ་ཏོག》རྒྱལ་སྤྱིའི་གློག་བརྙན་དུས་ཆེན་འགའ་རུ་ཚུད་པ།

WechatIMG246.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ན་གཞོན་འཁྲབ་ཁྲིད་པ་ཀླུ་རྒྱལ་རཱ་ཏི་ཡིས་འཁྲབ་ཁྲིད་བྱས་པའི་བོད་ཀྱི་གློག་བརྙན《སྲིད་པའི་མེ་ཏོག》ཅེས་པ་ནི་བོད་ཀྱི་ཆེས་ཐོག་མའི་འཁྲབ་ཚིག་གཅིག་ཀྱང་མེད་པའི་གློག་བརྙན་ཞིག་ཡིན་ཏེ། དབྱིན་ཇི་རུ་འཚོགས་པའི་ཡོ་རོབ་བྱང་མའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་ཆེས་ཕུལ་དུ་བྱུང་བའི་ཕྱི་རྒྱལ་གྱི་གློག་བརྙན་བརྩམས་ཆོས་དང་།  ཆེས་ཕུལ་དུ་བྱུང་བའི་བརྙན་ལེན་པ།  ཆེས་ཕུལ་དུ་བྱུང་བའི་འཁྲབ་ཁྲིད་པ་བཅས་ཀྱི་གཟེངས་རྟགས་ནང་ཚུད་པ་མ་ཟད། ཁ་ན་ཏ་ཡི་རྒྱལ་སྤྱི་གློག་བརྙན་དུས་ཆེན་དང་།ཨ་རིའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་དུའང་ཚུད་པ་རེད།  《སྲིད་པའི་མེ་ཏོག》ཅེས་པའི་གློག་བརྙན་འདིས་ནང་བསྟན་མཚན་ཉིད་རིག་པའི་བག་ཆགས་སམ་སྣང་སྟོང་བདེན་པའི་མཐུ་ལ་བརྒྱུས་པའི་ནང་སེམས་འཚོལ་སྙེག་གི་གོ་རིམ་ཞིག་སྟེ། སྐྱེ་འཆི་རེས་མོས་སུ་འཁོར་བའི་སྲིད་པ་འཇིག་རྟེན་འདིའི་ཐོབ་ཤོར་ལམ་བུའི་ངོགས་ཀྱི་མཐར་ཐུག་གི་བདེན་པའམ་སུ་དང་གང་གིས་མི་ཤེས་པའི་ཆོས་ཉིད་བདེན་པའི་འཁོར་བའི་ངང་ཚུལ་སྣ་ཚོགས་ཆེས་གཏིང་ཟབ་ས་ནས་རྟོག་བརྙན་གྱི་ཚུལ་གྱིས་མངོན་པར་བྱས་ཡོད།། 

འཁྲབ་ཁྲིད་པ་ཁོའི་གློག་བརྙན《འབྲི་མོ་དུང་ཆུང་དཀར་མོ》ཟླ6པའི་ནང་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་སོ་སོ་ནང་སྟོན་རྒྱུ་ཡིན་པ་དང་། གློག་བརྙན《སྲིད་པའི་མེ་ཏོག》ཟླ8པ་ནས12བར་སྟོན་རྒྱུ་རེད།


WechatIMG254.jpeg

འཁྲབ་ཁྲིད་པ་ཀླུ་རྒྱལ་རཱ་ཏི་ངོ་སྤྲོད་མདོར་བསྡུས།

ཀླུ་རྒྱལ་རཱ་ཏི། དངོས་མིང་ལ་ཀླུ་རྒྱལ་ཟེར། གློག་བརྙན་འཁྲབ་ཁྲིད་པ། འཁྲབ་གཞུང་རྩོམ་པ་པོ། གློག་བརྙན་སྒྲིག་སྦྱོར་བ་བཅས་ཡིན།

རྡོ་སྦིས་དམག་དཔོན་སྡེ་བའི་དཔའ་ཚང་ཚོ་བ་ནས་སྐྱེས། སྔ་རྗེས་སུ་མཚོ་སྔོན་མི་རིགས་དགེ་འོས་སློབ་ཆེན་གྱི་བོད་ཡིག་སྡེ་ཁག་དང་། པེ་ཅིན་གློག་བརྙན་སློབ་གླིང་གི་འཁྲབ་ཁྲིད་པའི་སྡེ་ཁག་ནས་མཐར་ཕྱིན། ཀྲུང་གོའི་ཁྲང་ཁྲིན་རིག་གནས་སྒྱུ་རྩལ་ལྟེ་གནས་ལས་ཡིག་བསྒྱུར་གྱི་འགན་ཁུར། ད་སྔ་མཆོད་རྟེན་དཀར་པོ་རིག་གནས་སྒྱུ་རྩལ་ཁྱབ་སྤེལ་ཀུང་ཟི་རུ་སྤྱི་གཉེར་པ་དང་འཁྲབ་གཞུང་རྩོམ་པ་པོ། འཁྲབ་ཁྲིད་པ། སྒྲིག་སྦྱོར་བ་བཅས་ཀྱི་འགན་ཁུར་ཡོད།

གློག་བརྙན་བརྩམས་ཆོས་ཀྱི་སྐོར།

《འབྲི་མོ་དུང་ཆུང་དཀར་མོ》ཞེས་པའི་གློག་བརྙན་ག་བརྙན་སན་ཏི་ཨེ་གོ་རྒྱལ་སྤྱིའི་བྱིས་པའི་གློག་བརྙན་དུས་ཆེན་དང་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ཀྲུང་གོའི་སྐབས25པའི་གསེར་བྱ་དང་མེ་ཏོག་སྣ་བརྒྱ་རྟགས་མའི་བྱ་དགའ་ཐོབ་པ་མ་ཟད། སྐབས24པའི་པེ་ཅིན་སློབ་ཆེན་སློབ་མའི་གློག་བརྙན་འགྲར་བསྡུར་རུ་ཚུད། སྐབས་བདུན་པའི་པེ་ཅིན་རྒྱལ་སྤྱིའི་གློག་བརྙན་འགྲེམས་སྟོན་ཏུ་ཚུད། གློག་བརྙན་འདིའི་འཁྲབ་གཞུང་ལ་པེ་ཅིན་སློབ་ཆེན་སློབ་མའི་འཁྲབ་གཞུང་འགྲན་བསྡུར་ཁྲོད་དུ་རྟིང་སྐུལ་བྱ་དགའ་ཡང་ཐོབ།

གློག་བརྙན《སྲིད་པའི་མེ་ཏོག》འདི་ནི་བོད་ཀྱི་ཆེས་ཐོག་མའི་འཁྲབ་ཚིག་གཅིག་ཀྱང་མེད་པའི་གློག་བརྙན་ཞིག་ཡིན་ཏེ། དབྱིན་ཇི་རུ་འཚོགས་པའི་ཡོ་རོབ་བྱང་མའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་ཆེས་ཕུལ་དུ་བྱུང་བའི་ཕྱི་རྒྱལ་གྱི་གློག་བརྙན་བརྩམས་ཆོས་དང་། ཆེས་ཕུལ་དུ་བྱུང་བའི་བརྙན་ལེན་པ། ཆེས་ཕུལ་དུ་བྱུང་བའི་འཁྲབ་ཁྲིད་པ་བཅས་ཀྱི་གཟེངས་རྟགས་ནང་ཚུད་པ་མ་ཟད། ཁ་ན་ཏ་ཡི་རྒྱལ་སྤྱི་གློག་བརྙན་དུས་ཆེན་དང་། ཨ་རིའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་དུའང་ཚུད་པ་རེད།

《ཉེས་དམིགས》ལ་པེ་ཅིན་དབྱིན་ཧ་གློག་བརྙན་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།

《གངས་རིའི་རྔ་སྒྲ》གློག་བརྙན་འདིའི་འཁྲབ་གཞུང་ལ་པེ་ཅིན་གློག་བརྙན་མཐུན་ཚོགས་ཀྱི་བྱ་དགའ་དང་སྐབས་གཉིས་པའི་མཚོ་སྔོན་གྱི་གློག་བརྙན་འཁྲབ་གཞུང་འགྲན་བསྡུར་ཁྲོད་དུ་ཨང་དང་པོ།  ཨན་ཧེའི་རྒྱལ་ཡོངས་ཀྱི་གློག་བརྙན་འཁྲབ་གཞུང་གི་འགྲན་བསྡུར་ཁྲོད་དུ་གསར་རྩོམ་རྟགས་མའི་བྱ་དགའ་ཐོབ། གཞན་མཚོ་སྔོན་མི་རིགས་སློབ་ཆེན་སོགས་སུ་གློག་བརྙན་འཆད་ཁྲིད་ཀྱང་བྱས།

གློག་བརྙན་འཁྲབ་གཞུང་གི་སྐོར།

《གངས་རིའི་རྔ་སྒྲ》དང《དཀྱིལ་འཁོར》། 《འབྲོག་ཁྱི》། 《མེ་ཏོག་གི་མཆོད་པ》། 《ཐང་ག》།《ཉེས་དམིགས》།《འཇིག་པའི་ཁམས》།《ཧོར་གླིང་གཡུལ་འགྱེད》དང《སྲོག་གི་དམ་བཅའ》།《འབྲི་མོ་དུང་ཆུང་དཀར་མོ》།《ཚེ་སྲོག་གི་དབྱངས་རྟ》།《ཀེང་རུས་དང་མེ་ཏོག》སོགས་ཡོད།

བརྩམས་སྒྲུང་གི་སྐོར།

《གུ་གེ་རོ་སྒྲུང》དང《ཧི་མ་ལ་ཡའི་ལྐོག་གསོད་པ》།《ཤམ་བྷ་ལ》།《 སྤྲུལ་སྐུ》སོགས་ཡོད།

བསྒྱུར་རྩོམ་གྱི་སྐོར།

《ཀོ་ཏུའོ་ལ་སྒུག་པ》དང《འཕགས་མ་ཀྲེན་ཏེ》།《གྱང》།《རཱ་མ་ཎའི་རྟོགས་བརྗོད》ཀྱི་ཡིག་བསྒྱུར་ཚོགས་པ་རུ་ཞུགས་ཏེ་ལེའུ་འགའ་བསྒྱུར།

གློག་བརྙན་གཞུང་ལུགས་ཀྱི་སྐོར།

《གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ》དང《གློག་བརྙན་འཁྲབ་ཁྲིད་པའི་སྒྱུ་རྩལ་རྣམ་བཤད》 །《གློག་བརྙན་འཁྲབ་གཞུང་རྣམ་བཤད》། 《གློག་བརྙན་གྱི་བརྡ་སྤྲོད་རིག་པ》།《གློག་བརྙན་བརྙན་ལེན་སྤྱི་དོན》སོགས་ཡོད་དེ་བོད་སྐད་གློག་བརྙན་གྱི་ལས་དོན་ལ་རང་ནུས་ཅི་ལྕོགས་ཀྱིས་འབད་པ་བྱེད་ཀྱི་ཡོད།


WechatIMG247.jpeg

བདག་བཙལ་བའི་གོ་རིམ།

——《  སྲིད་པའི་མེ་ཏོག》 གི་གློག་བརྙན་ལས་བསྐྱེད་པའི་ཤེས་རབ།

                                                སེང་མགུལ་མ་ཎི་དོན་གྲུབ།

སྲིད་པའི་མེ་ཏོག་ཅེས་པའི་གློག་བརྙན་འདིས་ནང་བསྟན་མཚན་ཉིད་རིག་པའི་བག་ཆགས་སམ་སྣང་སྟོང་བདེན་པའི་མཐུ་ལ་བརྒྱུས་པའི་ནང་སེམས་འཚོལ་སྙེག་གི་གོ་རིམ་ཞིག་སྟེ། སྐྱེ་འཆི་རེས་མོས་སུ་འཁོར་བའི་སྲིད་པ་འཇིག་རྟེན་འདིའི་ཐོབ་ཤོར་ལམ་བུའི་ངོགས་ཀྱི་མཐར་ཐུག་གི་བདེན་པའམ་སུ་དང་གང་གིས་མི་ཤེས་པའི་ཆོས་ཉིད་བདེན་པའི་འཁོར་བའི་ངང་ཚུལ་སྣ་ཚོགས་ཆེས་གཏིང་ཟབ་ས་ནས་རྟོག་བརྙན་གྱི་ཚུལ་གྱིས་མངོན་པར་བྱས་ཡོད།

རེ་ཆད་དང་སུན་སྣང་གིས་བཏེགས་པའི་རི་ཀླུང་སྟོང་སང་སང་གི་ཁུགས་ན་ནམ་ཡང་གཉོམ་ཆུང་གིས་སྤྱང་ཚོགས་ཀྱིས་གནོད་ཅིང་འཚེ་བར་བྱེད་པའི་ལུག་ཁྱུ་དང་ལུག་ཁྱུའི་དེའི་བདག་པོ། ཡང་ན་ཚེ་འདིར་ཆེས་སྙིང་དུ་སྡུག་པའི་ཞེན་ཆགས་ལྗིད་མོ་ཁེར་ཧྲེང་གིས་བཞད་པའི་མེ་ཏོག་རྐང་གཅིག་རྨི་ལམ་གྱི་ཞིང་དུ་སྨིན་པའི་སྣང་བའི་འཇིག་རྟེན་གྱི་དྲན་པའི་བུ་ལོན་སྣ་ཚོགས་ནམ་ཡང་སྙན་འཇེབས་རྒྱུད་མངས་ཀྱི་སྒྲ་ལ་བཏབས་པའི་སེམས་ཀྱི་རྨ་ཁ་དམར་པོ། དེ་ལས་ཀྱང་ཡུལ་གྱི་རི་ཀླུང་གི་རྣམ་ཤེས་ཚེ་འདས་ཆུང་གྲོགས་ཀྱི་སྣང་བར་འཕྲུལ་བའི་ཀུན་རྫོབ་ཀྱི་བདེན་པ་སྟེ། ཞེན་ཆགས་དང་ཞེན་ཆགས་དེའི་བསྐྱེད་པའི་འདུ་བྲལ་གྱི་སྡུག་བསྔལ་སྣ་ཚོགས་ལུང་བ་གཅིག་གི་ཁྲོད་ན་འཇིག་རྟེན་འཚོལ་སྙེག་གི་ལམ་ཁ་སྣ་ཚོགས་ལ་འཐམས་པའི་མི་བུ་རེ་རེས་འདོད་སྲེད་ཀྱི་མཐུ་ཁ་བཙན་པོས་ཕྱིའི་སྣོད་བཅུད་ཀྱི་མཛེས་པ་དཀྲོགས་ཤིང་རང་དང་གཞན་གྱི་ལྷིང་འཇགས་ཀྱི་འཆི་སྟེགས་རྡོ་ཡི་ཕོ་བྲང་ཐལ་བར་གཏོར་ཚུལ། སྤྱིར་ན་རང་གཞན་ཐལ་བར་གཏོར་ཚུལ་འདི་འཇིག་རྟེན་དཀར་ངོགས་ཀྱི་འགྲོ་བ་སེམས་ཅན་སྤྱིས“གསེར”འཚོལ་བའི་གོ་རིམ་ལ་བརྒྱུས་ཡོད་མོད། རིན་པོ་ཆེ་འཚོལ་བའི་གོ་རིམ་དེ་རིན་པོ་ཆེ་ཚེ་སྲོག་ཤོར་བའི་གོ་རིམ་དུ་ཐིམས་ཟིན་པ་དེ་བསྟན་པའི་ཤུགས་ནས་འདི་ཕྱི་གཉིས་ཀྱི་བར་ན་རང་ཉིད་ངོ་མ་དེ་སུ་ཡིན་ངོས་འཛིན་དཀའ་བའི་མི་རེ་རེའི་ངོ་གདོང་དཀར་ནག་གི་བར་ན་ལྡིང་བའི་རྡེའུ་དཀར་ནག་གི་རྒྱལ་ཕམ་ལས་མངོན་སྲིད་པ་དེ་ལྷིང་ལ་བུད་ཡོད།

WechatIMG255.jpeg

ཡང་སྙིང་དཀར་ནག་རྡེའུ་གྲངས་བར་ནས་འདི་སྣང་གི་རྙེད་པ་མཐའ་དག་ནི་སྟོང་བའི་ངང་ཚུལ་ལས་མ་འདས་ལ། ཐ་ན་མི་མགོ་ནག་གི་སྤྱི་བོ་དུར་ཁྲོད་ཀྱི་རྟེན་དུ་བརྫངས་ཚར་བའི་གོ་རིམ་དེ་མགོ་རུས་སྐམ་པོའི་བསྡུས་གཟུགས་སུ་བསྐྲུན་ཡོད། འདི་ནི་སྲིད་པ་འཇིག་རྟེན་འདིའི་སྣང་དཔེ་ཡིན། ཡང་ན་འཆི་བ་མི་རྟག་པ་འདིའི་ཡིད་བརྙན་ཡིན། ཡིད་བརྙན་འདི་ཡོད་པས་འཇིག་རྟེན་འཇིག་རྟེན་དུ་ངོ་ཤེས་ལ་སྣང་བ་སྒྱུ་མ་རུ་རྟོགས། སྒྱུ་མ་རྟེན་འབྲེལ་དུ་ཤེས། རྟེན་འབྲེལ་བསླུ་མེད་དུ་ངོ་འཕྲད། ལྡོག་སྟེ་སྨྲས་ན་བསླུ་བ་སྡུག་བསྔལ་གྱི་རྒྱུ། སྡུག་བསྔལ་བཅིངས་པ་ཡི་འབྲས་རྟགས་སུ་སྨིན་པས་སྲིད་པ་འཁོར་བ་འདིའི་ཚེ་སྲོག་གི་འཁོར་ལོ་འཁོར་ཞིང་ནམ་ཞིག་རྟེན་འབྲེལ་བསླུ་མེད་ཀྱི་གནད་ཕྲ་རགས་སྤྲིན་ནམ་མཁར་ལྡིང་བ་ཕྱིར་ནམ་མཁར་ཐིམས་པའི་ཉོན་མོངས་རང་གྲོལ་གྱི་ཚེ་ན་ཚེ་འདིའི་སྣང་ཞེན་མཐའ་དག་འོད་གསལ་ཀུན་གྲོལ་གྱི་རྒྱུ་རུ་བསྔོ་ཚར་བས་དེ་དུས་ཐར་བའི་ཐེམ་སྐས་གཟར་མོའི་གོང་གི་ཚེ་འདིའི་ཟང་ཟིང་ལ་རྒྱབ་ཀྱིས་ཕྱོགས་ཤིང་ཐར་བ་དོན་གཉེར་གྱི་ཏིང་འཛིན་ཟས་སུ་ཟ་བའི་བསམ་གཏན་པའི་མི་མངོན་པའི་བྱིན་རླབས་ལས་བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད་པའི་ཆོས་ཉིད་བདེན་པ་ཞིག་རྙེད་ཐུབ་བོ།།

WechatIMG248.jpeg

གློག་བརྙན《སྲིད་པའི་མེ་ཏོག》ལ་ཐེངས་ཤིག་བལྟས་རྗེས།

འབུམ་རམས་པ་གུར་མགོན་ཚེ་རིང་།

སྲིད་པའི་མེ་ཏོག་ཅེས་པའི་གློག་བརྙན་འདི་ལ་ཐེངས་གཅིག་བལྟས་པས་ཀྱང་ཁོ་བོར་དྲན་ཚུལ་འདྲ་མིན་འབྱུང་དུ་བཅུག ཕྱོགས་མི་འདྲ་ས་ནས་དཔྱད་འཇོག་བྱ་འདོད་མོད།བརྗོད་གཞི་གཏན་འཁེལ་བྱས་ཏེ་གཅིག་ཏུ་དབབ་དགོས་ཚེ་ནང་ཆོས་ཀྱི་ཐ་སྙད་མང་བོ་ཡིད་ལ་ཅིག་ཅར་འཆར་རུ་འཇུག་པ་དེ་མཚར། མི་སྣ་ཕན་ཚུན་བར་སྨྲ་བ་མེད་པར་ལུས་ཀྱི་རྣམ་འགྱུར་ཁོ་ནས་མགོ་མཇུག་རྫོགས་པར་བྱེད་པ་དེས་བརྗོད་བྱ་གང་དེར་ཡིད་གདུང་དང་།སེམས་ཁུར་དང་།ཕྱིར་རྟོག་དང་། ཅི་བྱ་གཏོལ་བྲལ་དང་།ཁེར་སྡུག་སོགས་སྡུག་བསྔལ་ཕྱོགས་ཀྱི་ཐ་སྙད་དང་བརྗོད་བྱ་མཚོན་པ་ལ་ཤིན་ཏུ་ཕན་པར་འདུག་པས་གློག་བརྙན་འདི་ལ་ལྟ་མཁན་གྱི་ཡིད་ཀྱི་བརྟན་པ་འཕྲོག་པར་བྱེད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འཛོམས། ཆུང་མ་ཚེ་འདས་བྱུང་བའི་མི་ཞིག་ལ་མཚོན་ན་ལྷིང་འཇགས་ཀྱི་ཁོར་ཡུག་གིས་ནང་སེམས་ལ་ན་ཟུག་སྣ་ཚོགས་སྦྱིན་པར་བྱེད་ཅིང་། སྣང་ཡུལ་ཐམས་ཅད་སྙིང་བོ་མེད་པར་རྟོག་པ་ལ་སྒྱུ་རྩལ་གྱི་མཛེས་པ་མི་དམན་པ་ཐོན་ཡོད། མི་རྟག་པའི་རང་བཞིན་མིག་ལམ་ཏུ་གཟུགས་ཅན་བཞིན་འཆར་བར་བྱེད་པ་ནི་ཆུང་མའི་གྲིབ་གཟུགས་འདྲ་བའི་ངོ་གདོང་སྣང་ལ་མ་ངེས་པའི་དྲན་པ་དེས་མཚོན་པར་བྱེད་མོད། དེ་ལས་ཀྱང་གློ་བུར་ཡོད་པ་ནས་མེད་པ་དང་། མེད་པ་ནས་སྡུག་བསྔལ་སྣ་ཚོགས་སྦྱིན་པར་བྱེད་པའི་དངོས་ཡོད་འདས་སོང་དེས་གློག་བརྙན་འདིའི་དགོངས་གཞི་གསལ་བར་བྱས། དེ་ནི་ཆུང་མ་དང་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བ་ནས་མགོ་རྩོམ་ཞིང་། ཆུང་མ་ཚེ་འདས་བྱུང་བ་ནས་ཤུགས་དྲག་ཏུ་བཏང་ཡོད། འོན་ཀྱང་ལྟ་མཁན་གྱིས་ཇི་ལྟར་ལྟ་རྒྱུ་ཡང་གནད་ཀྱི་གཙོ་བོ་ཡིན། ཁོ་བོར་མཚོན་ན་ནང་ཆོས་ཀྱི་བསྟན་བཅོས་དག་ལས་འབྱུང་བའི་མི་རྟག་པ་དང་། སྙིང་བོ་མེད་པ་དང་། རང་བཞིན་མེད་པ་སོགས་བརྗོད་བྱ་སྟོན་པའི་ཐ་སྙད་མང་པོ་ཞིག་དང་། སྒྱུ་མ་དང་། རྨི་ལམ་དང་། ཟིལ་བ་དང་།ནམ་མཁའི་མེ་ཏོག་སོགས་དཔེ་མང་པོ་ཤིན་ཏུ་ལྐོག་གྱུར་ཏུ་ཡོད་ན་ཡང་། ཀླུ་རྒྱལ་རཱ་ཏིའི་སྲིད་པའི་མེ་ཏོག་ཅེས་པའི་སྨྲ་བའི་སྐད་ཆ་མེད་པའི་གློག་བརྙན་འདི་ལ་བལྟས་པ་ནས་ཤིན་ཏུ་ངོ་ཤེས་ཤེས་སུ་འོང་མོད། མཚམས་ཤིག་ནས་གནས་གང་དུ་ཅི་ཞིག་ལ་བརྟེན་ནས་མག་མོག་ཏུ་གྱུར་འགྲོ་བའི་དྲན་འཆར་ཡང་སྣ་ཚོགས་འབྱུང་བས། གློག་བརྙན་འདིས་ཁོ་བོར་བཞག་པའི་བག་ཆགས་ཟབ་ལ་ཤིན་ཏུ་ཡག་ཉམས་བྱུང་། དེས་ང་ཚོར་སྣང་ཡུལ་ཐམས་ཅད་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་སྙིང་རྗེའི་ངོ་བོར་འགྲོ་དགོས་པ་གདམས་ཡོད་དམ། མིན་ན་གློག་བརྙན་གྱི་མཇུག་མཚམས་སུ་མེ་མདའ་རྫ་ལ་གཡུགས་ཏེ་སེམས་ཀྱི་འཆར་སྒོ་རང་བྱུང་ཁམས་ཆེན་མོར་ཕྱོགས་པ་དེས་ཅི་ཞིག་མཚོན་ནམ། 

WechatIMG249.jpeg

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།