རྒྱལ་ཁབ་ཀྱི་པར་སྐྲུན་ཐེབས་རྩའི་ལས་གཞི《གངས་ཅན་བོད་ཀྱི་ཡི་གེའི་བྱུང་འཕེལ་བརྗོད་པ་པུཎྚ་རི་ཀའི་ཕྲེང་བ》ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

88_副本2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་ཀྱི་པར་སྐྲུན་ཐེབས་རྩའི་ལས་གཞི་དང་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་ཐེངས་བཅུ་གསུམ་པའི”པར་སྐྲུན་འཆར་འགོད་ལས་གཞི《གངས་ཅན་བོད་ཀྱི་ཡི་གེའི་བྱུང་འཕེལ་བརྗོད་པ་པུཎྚ་རི་ཀའི་ཕྲེང་བ》ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

དཔེ་དེབ་འདི་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་སུམ་བྷ་དོན་གྲུབ་ཚེ་རིང་གིས་ལོ་ངོ་དུ་མའི་རིང་གི་སློབ་ཁྲིད་དང་རིག་གཞུང་བྱ་བའི་བརྩོན་ཞིབ་ཁྲོད་དུ་ཐོན་པའི་ཉིང་འབྲས་གསར་ཤོས་སུ་ངེས་ལ།  མིག་སྔར་རྒྱལ་ནང་དུ་མ་ལག་ཆ་ཚང་ཞིང་ཚན་རིག་རང་བཞིན་དང་དངོས་སྤྱོད་ཀྱི་རིན་ཐང་ཆེས་ཆེར་ལྡན་པའི་བོད་ཀྱི་ཡི་གེའི་བྱུང་འཕེལ་གྱི་ལོ་རྒྱུས་བརྗོད་པའི་བརྩམས་ཆོས་ཐོག་མ་ཡིན། 

དཔེ་དེབ་འདི་རྩོམ་འབྲིའི་བརྒྱུད་རིམ་ཁྲོད་དུ་རྩོམ་པ་པོས་ལོ་རྒྱུས་དངོས་གཙོ་རིང་ལུགས་དང་རྩོད་སྒྲུབ་སྨྲ་བའི་དགོངས་དོན་ལྟར་བོད་པའི་དུས་སྐབས་སོ་སོའི་རྡོ་རིང་གི་ཡི་གེ་དང་། ཅོང་དྲིལ་གྱི་ཡི་གེ ཁྲམ་བྱང་གི་ཡི་གེ གཏེར་ཡིག་སོགས་རྒྱུ་ཆ་དཀོན་པོ་དང་ཡིད་རྟོན་རུང་བ་རྣམས་གཞིར་བྱས། དེང་རབས་ཀྱི་ཡི་གེ་རིག་པ་དང་། ཡིག་ཚང་རིག་པ། རིག་གནས་སྐད་བརྡ་རིག་པ། ལོ་རྒྱུས་རིག་པའི་རྩ་བའི་རིགས་ལམ་དང་བརྟག་ཐབས་སྤྱད་དེ། དུས་སྐབས་སོ་སོའི་བོད་ཀྱི་ཡི་གེའི་གཟུགས་བྱད་དང་དེ་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་སྐབས་དོན་སོགས་ཞིབ་རྒྱས་སུ་སྤྲོས་པ་དང་། གནའ་དཔྱོད་རིག་པའི་ཐབས་ལམ་དང་། ཁུངས་སྒྲུབ། དངོས་ར་སྤྲོད་ཚུལ་སོགས་ཀྱི་དཔྱད་ཐབས་ལ་བརྟེན་ནས་བོད་ཡིག་གི་འབྱུང་རྐྱེན་དང་། ལོ་རྒྱུས་ཀྱི་འཕེལ་རིམ། དེ་དང་འབྲེལ་ཡོད་ཀྱི་དཀའ་གནད་དོགས་གཞི་སོགས་གསེད་བཀྲོལ་གནང་ཡོད་ཅིང་། བརྩམས་ཆོས་ཀྱི་སྤྱི་ཁོག་ཡོངས་ཡིག་འབྲུའི་སྡེབ་སྟངས་སྦྱོར་ལུགས་སོགས་ཇི་ལྟར་སྤེལ་བའི་ཡིག་སྲོལ་དང་། དབུ་ཅན་དབུ་མེད་སོགས་ཀྱི་འབྲི་ལུགས་སམ་སྨྱུག་ཁམ་སྒྱུར་སྟངས་མི་འདྲ་བའི་ཡིག་གཟུགས། རྐྱེན་གྱི་ཡི་གེ་སོགས་གཙོས་པའི་ཐོབ་རྟགས་བཅས་གསུམ་གནད་དུ་བཟུང་ནས་དུས་སྐབས་སོ་སོའི་དེ་དག་གི་ཁྱད་ཆོས་དང་འཕེལ་འགྱུར་གྱི་ཆོས་ཉིད་རྣམས་ཞིབ་འཐིམས་སུ་བཀོད་འདུག་པ་དང་། རྩོམ་ཁོག་གི་གོ་རིམ་ལྟར་ན་ཐོག་མར་ཡི་གེ་མེད་པའི་སྔ་རོལ་གྱི་གདོད་མའི་བརྡ་ཐབས་སྣ་ཚོགས་དང་། དེ་ནས་གནའ་བོའི་ཞང་ཞུང་གི་ཡི་གེ་དང་། དེའི་རྗེས་སུ་རིམ་པར་བོད་བཙན་པོའི་དུས་ཀྱི་ཐོན་མིའི་ཡི་གེ་གཞིར་བྱས། བོད་སིལ་ཐོར་གྱི་དུས་སྐབས་དང་། ས་དགེའི་དུས་སྐབས། དེང་རབས་བཅས་དུས་སྐབས་མི་འདྲ་བ་སོ་སོའི་བོད་ཡིག་གི་འཕེལ་འགྱུར་སོགས་སྣང་ཞིང་། བརྗོད་རིམ་ཁྲོད་དུ་དུས་སྐབས་སོ་སོའི་འཕྲེད་ངོས་ཀྱི་ཁྱད་ཆོས་དང་དུས་རབས་སྔ་ཕྱིའི་གཞུང་ངོས་ཀྱི་འཕེལ་འགྱུར་ཆོས་ཉིད་སོགས་ལུང་རིགས་ཉིས་སྦྲགས་དང་དཔེ་རིས་ཟུང་དུ་འབྲེལ་ནས་སྤེལ་བ་ལ་དངོས་མཇལ་བདེན་མཐོང་དང་མངོན་གསལ་གསོན་ཉམས་ཀྱི་ཁྱད་ཆོས་ལྡན་ལ། ཁྱད་པར་དུ་དེང་རབས་བོད་ཡིག་གི་སྦྱོར་ཀློག་དང་། བྲིས་གཟུགས་ཀྱི་རྣམ་གྲངས། རིག་གནས་ཀྱི་སྤྱོད་སྒོ། འབྱུང་འགྱུར་གྱི་འཕེལ་ཕྱོགས་སོགས་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་དང་སྦྲགས་ནས་གླེང་བརྗོད་བྱས་ཤིང་། བོད་པའི་ཡི་གེ་འབྱུང་རྐྱེན་དང་། བརྟེན་གཞི། འཕེལ་འགྱུར་གྱི་ཁྱད་ཆོས་དང་ཆོས་ཉིད་སོགས་བྱེ་བྲག་པའི་སྣང་ཚུལ་ཇི་སྙེད་ནས་སྤྱི་ངོས་གཞུང་དོན་གྱི་སྒྲོམ་གཞི་བར་གཞུང་ལུགས་ཀྱི་ལྟ་བ་གང་མང་མཚན་མཚོན་གྱིས་གཏན་དུ་ཕབ་ཅིང་གསལ་བར་བསྟན་པ་དང་། ཡི་གེའི་ངོ་བོ་དང་། སྦྱོར་ལུགས་འབྲི་སྟངས། སྤྱོད་སྒོ་དང་ཕན་ནུས་སོགས་བོད་ཀྱི་ཡིག་ཚད་གཞུང་ལུགས་ཤིག་གི་རིགས་ལམ་ལྟར་མ་ལག་འཐུས་ཚང་དུ་སྤེལ་བ་ལ་རིག་གཞུང་ཞིབ་འཇུག་གི་རིན་ཐང་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ནོ། །

22222_副本.jpg

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

སུམ་བྷ་དོན་གྲུབ་ཚེ་རིང་ནི་མཚོ་སྔོན་ཁྲི་ཀ་རུ་སྐྱེས། ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། འབུམ་རམས་པ། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན།  བོད་ཀྱི་བརྡ་སྤྲོད་དང་སྐད་བརྡ་རིག་པ་སློབ་དཔྱོད་ཁང་གི་འགོ་འཛིན་པ་བཅས་ཡིན། ཁོ་བོའི་ཞིབ་འཇུག་གི་ཁྱབ་ཁོངས་ནི་སྐད་བརྡ་རིག་པ་དང་རིག་གནས་སྐད་བརྡ་རིག་པར་ངེས་ལ། དེ་དང་འབྲེལ་བའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ལས་གཞི་དང་། རྒྱལ་ཁབ་སློབ་གསོ་པུའུ་ཡི་ལས་གཞི། ཞིང་ཆེན་རིམ་པའི་ལས་གཞི་མང་ཙམ་བསྒྲུབས། སྔ་ཕྱི་ལ《བོད་ཀྱི་ཡུལ་སྐད་རྣམ་བཤད》དང་། 《བོད་ཁུལ་གྱི་སྐད་གཉིས་སློབ་གསོར་དཔྱད་པ་ལག་ལེན་གསེར་གྱི་ཐིགས་པ》  《སྤྱི་ཚོགས་སྐད་བརྡ་རིག་པའི་སྤྱི་དོན》  《སྐད་བརྡ་རིག་པའི་སྤྱི་དོན》    《བོད་ཀྱི་མིང་བརྡའི་སྤྱི་དོན་བློ་གསར་འཇུག་ངོགས》  《མི་རིགས་ཀྱི་རིག་གནས་དང་སྐད་བརྡའི་འབྲེལ་བར་དཔྱད་པ་གསར་བཞད་མེ་ཏོག་ཚོམ་བུ》    《བོད་ཀྱི་ཡུལ་སྐད་ལ་དཔྱད་པའི་གཏམ་མུ་ཏིག་ཕྲེང་བ》 《བོད་ཀྱི་སྙན་ངག་གི་མཛེས་ཉམས》བཅས་ཆེད་དེབ་བརྒྱད་པར་དུ་བསྐྲུན་པ་དང་།  དཔྱད་རྩོམ་ལྔ་བཅུ་ལྷག་སྤེལ།  དཔྱད་འབྲས་ཁག་ཅིག་ལ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཇོ་མོ་གླང་མའི་བྱ་དགའ་དང་། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་མཚན་ཉིད་རིག་པའི་བྱ་དགའ། མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་ཆེན་གྱི་མི་ཆོས་སྤྱི་ཚོགས་ཚན་རིག་གི་བྱ་དགའ་བཅས་ཐོབ། ༢༠༠༦ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡི་དུས་རབས་གསར་བའི་ཕུལ་བྱུང་མི་སྣའི་རྒྱབ་སྐྱོར་འཆར་བཀོད་ཀྱི་གྲས་སུ་འདེམ་ཐོན་བྱུང་།  ༢༠༡༤ལོའི་ཟླ༩པར་མཚོ་སྔོན་ཞིང་ཆེན་གྱི་སྔོན་ཐོན་ལས་བྱེད་མི་སྣའི་མཚན་སྙན་ཐོབ། ༢༠༡༤ལོའི་ཟླ༡༢པར་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པའི་མཚན་སྙན་ཐོབ། ༢༠༡༨ལོའི་ཟླ༡༢པར་མཚོ་སྔོན་ཞིང་ཆེན་གྱི་སྐོར་གཅིག་ཅན་བཞིའི་ཕུལ་བྱུང་མི་སྣའི་གྲས་སུ་འདེམ་ཐོན་བྱུང་། 

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།