ཀའོ་ཧྭ་ཡིས་མཚོ་ཤར་གྲོང་ཁྱེར་གྱི་སྤྱི་ཚོགས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཀའོ་ཧྭ་ཡིས་ཚན་ཆུང་ཁྲིད་དེ་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་མཁར་གྲོང་གི་སྡོད་ཁུལ་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས་པ་མ་ཟད། འབྲེལ་ཡོད་སྡེ་ཁག་དང་སྡོད་ཁུལ་སྐོར་ཞིག་གི་འགན་ཁུར་བློ་མཐུན་དང་བཞུགས་མོལ་བརྗེ་རེས་བྱས།

ཕེན་ཨན་ཆུའུ་དཔའ་ལུང་ལམ་དང་ཕེན་ཨན་ལམ་སྡོད་ཁུལ་དུ། ཀའོ་ཧྭས་སྡོད་ཁུལ་འཛུགས་སྐྲུན་དང་འཁོར་སྐྱོད། བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་རྗེས་བསྟན་དོན། སྡོད་ཁུལ་བཅོས་སྐྱོང་ནི་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་ཡིན་ལ། བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་བཅོས་སྐྱོང་འཚོལ་ཞིབ་དང་ལག་ལེན་ཐད་ནས་ཕན་འབྲས་ལྡན་པའི་ཉམས་མྱོང་བསྡུ་གསོག་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་ལ། ལས་དོན་སྣ་ཚོགས་བདེ་བླག་ངང་སྤེལ་བའི་ཐད་སྤྱི་ཚོགས་ཁོར་ཡུག་བཟང་བོ་འདོན་སྤྲོད་བྱས་པ་དང་། རྒྱ་ཆེའི་སྡོད་ཁུལ་བྱ་བ་སྒྲུབ་མཁན་ཚོས་དེའི་ཐད་འབད་འཐབ་ལྷོད་མེད་བྱས་པ་དང་བྱས་རྗེས་ཆེན་པོ་བཞག་ཟེར།

བཞུགས་མོལ་བྱེད་སྐབས། ཀའོ་ཧྭས་ནན་གྱིས་བསྟན་དོན། སྤྱི་ཚོགས་བཅོས་སྐྱོང་ནི་སྤྱི་ཚོགས་ཡོངས་ཀྱི་བཅོས་སྐྱོང་ཡིན་ལ། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པའི་བཅོས་སྐྱོང་ཡང་ཡིན། རིམ་པ་སོ་སོ་དང་སྡེ་ཁག་སོ་སོ། སྡོད་ཁུལ་གྱི་བྱ་བ་སྒྲུབ་མཁན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་སྣོན་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་ཐད་ཀྱི་དགོས་མཁོ་སྐོང་རྒྱུ་དེ་བྱ་བའི་འགོ་འཛུགས་ས་དང་རྐང་འཛུགས་སར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། མཉམ་འཛུགས་མཉམ་སྐྱོང་དང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་འཛུགས་པའི་རེ་བ་གསར་བར་དམིགས་ནས། ཞིབ་འཇུག་ལ་ཤུགས་སྣོན་པ་དང་སྔོན་ཐོན་གྱི་ཉམས་མྱོང་ལ་དཔེ་ལྟ་བྱེད་པ། ཕྱོགས་སོ་སོའི་རིག་སྟོབས་གཅིག་ཏུ་བསྡུས་པ། སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་དང་བྱེད་ཐབས་རྒྱུན་མ་ཆད་པར་གསར་གཏོད་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་གི་ཚན་རིག་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།