《མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས《མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས《མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཞེས་བསྡུ་རྒྱུ)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་དངོས་སུ་ལག་བསྟར་བྱས་པ་རེད། འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་ཁྲིམས་འཛུགས་ཀྱི་དམིགས་ཡུལ་དུ་བྱས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་པོ་དེ་རེད། འདི་ལས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཁྲིམས་སྐྱོང་ཅན་གྱི་དུས་རབས་སུ་སླེབས་པ་མཚོན་པ་དང་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཁྲོད་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པ་མངོན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། 《སྲོལ་ཡིག》གི་དོན་ཚན་སོ་དྲུག་པར་མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་ཕྱོགས་ཡོངས་ཀྱི་ཚད་གཞི་བཟོས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱིས་མཐའ་འཁྱོངས་བྱེད་དགོས་པའི་གཞི་རྩའི་རྩ་དོན་དང་སྤྱིའི་བླང་བྱ་གཏན་འཁེལ་བྱས་པ་དང་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་ཡང་དག་པའི་བསམ་ཕྱོགས་ཀྱི་ཁྲིད་སྟོན་འགན་ལེན་བྱས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་ལམ་སྲོལ་དང་འགན་འཁྲིའི་གནས་ངེས་ཁ་གསལ་བཟོས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་འགན་འཁྲི་ཡིན་པས། ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར། སྡེ་ཚན་ཁག་དང་ཚན་པ་ཁག་གིས་མཐུན་སྦྱོར་གཞོགས་འདེགས། སྤྱི་ཚོགས་ལས་རིགས་ཁག་ཡོངས་ཁྱབ་ཞུགས་པའི་ལས་དོན་གྱི་ལམ་སྲོལ་ལག་ལེན་བསྟར་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་སྤྱི་ཚོགས་ཀྱི་ཐུན་མོང་འགན་འཁྲི་དང་སྤྱི་ཡོངས་ཞུགས་པའི་རྣམ་པ་མངོན་གསལ་དོད་པོ་ཡོང་བར་བྱས་ཡོད། མི་རིགས་ཁག་གི་ཐུན་མོང་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་དང་། ཐུན་མོང་དར་རྒྱས་གོང་འཕེལ་གྱི་ཞིབ་ཕྲའི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ཚན་པ་དང་། རྩ་འཛུགས། སྤྱི་དམངས་བཅས་ཀྱི་ཞིབ་ཕྲའི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་ཟུར་ཚད་མི་འདྲ་བར་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་གནོད་པ་དང་། མི་རིགས་ཀྱི་ལ་རྒྱར་གནོད་པ། མི་རིགས་ཀྱི་བརྩེ་དུང་ལ་གནོད་པ་བཅས་ཀྱི་གཏམ་སྤྱོད་ཐ་དག་གཏན་འགོག་བྱས་ནས་ཚད་ལྡན་དུ་བཏང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།