ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་འཁོར་བརྒྱ་འགོར་བའི་སྐབས་འདིར།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ལིག་ཉིང་ཞིང་ཆེན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དུ་སོང་ནས་རྟོག་ཞིབ་བྱས་པ་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བཞི་བའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལྔ་བཞིའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཕུགས་བསམ་འདུ་ཤེས་ཇེ་བརྟན་དུ་བཏང་སྟེ་རླབས་ཆེ་བའི་དུས་རབས་གསར་པར་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན།

ལིག་ཉིང་གིས་སློབ་གླིང་གི་དགེ་རྒན་དཔུང་སྡེའི་སྟོབས་ཤུགས་དང་སློབ་མའི་ལས་ཞུགས།   ཆེད་ལས་བཀོད་སྒྲིག  གུང་གཞོན་ཚོགས་པའི་བྱ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་།   ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་ཞུ་བའི་སློབ་ཆེན་སློབ་མའི་སྙན་ངག་གྱེར་འདོན་བྱ་འགུལ་ལ་བལྟས།   སློབ་གླིང་གི་སློབ་ཆེན་སློབ་མའི་བྱ་འགུལ་ལྟེ་གནས་ནས་ལིག་ཉིང་གིས་ཁྱད་ལྡན་ཆེད་ལས་དངོས་སྦྱོང་སློབ་ཁྲིད་ལ་ལྟ་སྦྱོང་བྱས་པ་དང་།   ཚ་ལ་རྒྱག་པ་དང་གཞི་གྲངས་སྨྱན་བྱད་བཀོལ་སྤྱོད་ལག་རྩལ་སོགས་ཆེད་ལས་སློབ་ཁྲིད་ཀྱི་སློབ་མའི་བརྩམས་ཆོས་ལ་བལྟས་པར་མ་ཟད།   དགེ་སློབ་རྣམས་ལ་གཟེངས་བསྟོད་བྱས།

རྟོག་ཞིབ་བྱེད་སྐབས་ལིག་ཉིང་གིས་ནན་གྱིས་བསྟན་དོན།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བཞི་བ་དང་སློབ་གྲྭའི་བསམ་བློ་ཆབ་སྲིད་རིག་གཞུང་སློབ་ཁྲིད་དགེ་རྒན་གྱི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་ཏེ་དོན་དངོས་དང་མཐུན་པའི་སྒོ་ནས་དགེ་སློབ་རྣམས་ཀྱི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་།   རྒྱ་ཆེའི་ན་གཞོན་རྣམས་ལ་ཁྲིད་སྟོན་བྱས་ཏེ་མི་སྒེར་གྱི་ཕུགས་བསམ་དེ་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་ཁྲོད་འདྲེས་པར་བྱེད་པ།     ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་མཚོ་སྔོན་གསར་པ་མཉམ་དུ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པ་བཅས་བྱས་ཏེ་དུས་རབས་གསར་པའི་ལས་འགན་ཁག་ཁུར་བཟང་བོ་བྱེད་དགོས།   ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་གཟབ་ནན་གྱིས་ལག་ལེན་མཐར་ཕྱིན་བྱས་ཏེ་ལས་རིགས་སློབ་གླིང་གི་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་གཏོང་བ་དང་།  ལས་རིགས་སློབ་གླིང་གིས་སློབ་སྒྲུབ་སྒྲིག་གཞི་བཅོས་སྒྱུར་བྱེད་པར་རོགས་འདེགས་བྱེད་པ།   སློབ་སྒྲུབ་ཆ་རྐྱེན་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ལག་རྩལ་བཟོ་བ་དང་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་ནུས་ཡོད་སྒོས་ཐག་གཅོད་བྱེད་དགོས།  གུང་གཞོན་ཚོགས་པས་ཏང་གིས་ན་གཞོན་ལ་འབྲེལ་འདྲིས་བྱེད་པའི་འབྲེལ་ཐག་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ།  རྒྱ་ཆེའི་ན་གཞོན་རྣམས་ཀྱི་བྱས་རྗེས་འཇོག་པའི་ཧུར་བརྩོན་རང་བཞིན་དང་གསར་སྐྲུན་རང་བཞིན་སྐུལ་སློང་བྱེད་དགོས།   རྒྱ་ཆེའི་སློབ་མ་རྣམས་ཀྱིས་ལྔ་བཞིའི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱས་ཏེ་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་བྱེད་ནུས་མི་དམན་པ་འདོན་པ་དང་།    མི་རིགས་བསྐྱར་དར་གྱི་ལས་འགན་ཁག་ཁུར་བྱེད་ཐུབ་པའི་དུས་རབས་གསར་པའི་མི་བྱེད་དགོས་ཟེར།

ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་མཉམ་དུ་རྟོག་ཞིབ་བྱེད་རོགས་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།