རྨ་ལྷོ་ཁུལ་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་སྡོང་འཛུགས་ནགས་སྐྲུན་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་4པའི་ཚེས་25ཉིན། རྨ་ལྷོ་ཁུལ་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱིས་སྤྱི་ཚོགས་གཏན་འཇགས་ཀྱི་ས་མཚམས་དབྱེ་འབྱེད་ཀྱི་གྲོས་གཞིའི་དགོངས་དོན་ལག་ལེན་དོན་འཁྱོལ་ཡོང་ཆེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་ཤར་ཁུལ་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནགས་ཚལ་རྩྭ་ཐང་ཅུའུ་དང་མཚོ་ཤར་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུའུ། གཅན་ཚ་རྫོང་མི་དམངས་སྲིད་གཞུང་། དཔའ་ལུང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་རོགས་སྒྲུབ་བྱས་ཏེ། གཅན་ཚ་རྫོང་དང་དཔའ་ལུང་རྫོང་གཉིས་ཀྱི་མཚམས་སུ་མི་རིགས་མཐུན་སྒྲིལ་གྱི་སྡོང་འཛུགས་ནགས་སྐྲུན་བྱ་འགུལ་སྤེལ།

22.jpg

 ཐེངས་འདིའི་བྱ་འགུལ་མཛད་སྒོར་ཞིང་ཆེན་དམངས་སྲིད་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་རིན་གཞོན་པ་ཉིན་ཧྭེ་ཡུན་གྱིས་འགོ་འཛིན་བྱས་ཤིང་། མཚོ་སྔོན་ཞིང་ཆེན་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ཧྭི་ཝན་ཁྲིན་དང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱི་ཐུན་ཀྲང་གཞོན་པ་ཝང་ཧྥ་ཡུས། མཚོ་སྔོན་ཞིང་ཆེན་མི་དམངས་ཆོས་ལུགས་ཨུའི་སྐོར་སྐྱོད་ལྟ་ཞིབ་དཔོན་གཞོན་པ་མཱ་ཁྲིན་ལོང་། རྨ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆའོ་ཞའེ་ཀྲི། མཚོ་ཤར་གྲོང་ཁྱེར་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་ཁྱེར་འགོ་གཙོ་ཝང་ལིན་ཧུའུ་སོགས་ཁུལ་དང་རྫོང་གི་ལས་བྱེད་འགོ་ཁྲིད་བཅུ་གཉིས་ལྷག་བྱ་འགུལ་མཛད་སྒོའི་ཀྲུའུ་ཞིའི་སྟེགས་བུའི་སྟེང་སླེབས་ཡོད་པ་མ་ཟད། ཕྱོགས་གཉིས་ཀྱི་ཁུལ་དང་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་འགན་འཁུར་མི་སྣ། ལས་བཟོ་བ་སོགས་རྒྱ་བོད་ཧེ་མི་རིགས་གསུམ་གྱི་མི་གྲངས༣༦༠ལྷག་ཐེངས་འདིའི་བྱ་འགུལ་གྱི་མཛད་སྒོར་ཞུགས་ཡོད།

33.jpg

བྱ་འགུལ་འདི་ནི། གཅན་ཚ་རྫོང་དང་དཔའ་ལུང་རྫོང་གཉིས་ཀྱི་བར་དུ་སྲིད་འཛིན་ཁུལ་གྱི་ས་མཚམས་སྤྱིའི་རིང་ཚད་ལ་སྤྱི་ལེ་99ཡོད་པ་དེ། 1990ལོ་ནས་1997ལོའི་བར། རྫོང་གཉིས་ཀྱི་སྲིད་གཞུང་གིས་སྔོ་རྒྱ་འགག་ཆུ་མཛོད་སྨད་རྒྱུད་ཀྱི་སྤྱི་ལེ་39ཡོད་པའི་རྨ་ཆུ་ས་མཚམས་བྱས་ཏེ་གྲོས་མཐུན་བཞག ཡིན་ནའང་ཕྱོགས་གཉིས་ཀྱིས་ས་ཞིང་རྨོ་བ་དང་ཕྱུགས་ཟོག་འཚོ་སྐྱོང་། སྡོད་ཁང་འཛུགས་སྐྲུན། ལམ་ལས་པ། ཆུའི་ཐོན་ཁུངས་བེད་སྤྱོད་སོགས་དུས་རྒྱུན་འཚོ་བའི་ཁྲོད་དུ་འབྱུང་བའི་དཔལ་འབྱོར་ཁེ་ཕན་གྱི་རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་གྲོས་གཞི་དང་འགལ་བའི་གནད་དོན་མང་དུ་བྱུང་བས། ཁུལ་དང་རྫོང་གིས་ཞིང་ཆེན་རིམ་པར་དངོས་ཡོད་གནད་དོན་སྙན་ཞུ་ཞུས་ཤིང་། ཞིང་ཆེན་རིམ་པས་ཀྱང་གནད་དོན་ཐག་གཅོད་ཀྱི་གྲོས་གཞིའི་ཡིག་ཆ་བཟོས་ནའང་རྫོང་གཉིས་ཀྱི་རྩ་བའི་གནད་དོན་ཐག་གཅོད་མ་ཐུབ་པར། ལོ་རེ་བཞིན་རྫོང་གཉིས་བར་འགལ་ཟླའི་རྩོད་གླེང་གནས་ཚུལ་འབྱུང་བ་མཚམས་མ་ཆད།

44.jpg

2012ལོར། རྨ་ལྷོ་ཁུལ་གྱིས་《ཞིང་ཆེན་དམངས་སྲིད་ཐིན་ལ་གཅན་ཚ་རྫོང་དང་དཔའ་ལུང་རྫོང་གཉིས་ཀྱི་སྲིད་འཛིན་ས་ཁུལ་གྱི་ས་མཚམས་དབྱེ་བའི་འབྲེལ་ཡོད་མཛུབ་སྟོན་གྲོས་མཐུན་ཡིག་ཆ་》དང་། དཔའ་ལུང་རྫོང་གིས་《མཚོ་ཤར་ས་ཁུལ་དཔའ་ལུང་རྫོང་དང་རྨ་ལྷོ་ཁུལ་གཅན་ཚ་རྫོང་གཉིས་བར་ས་མཚམས་དབྱེ་བའི་གནད་དོན་གལ་ཆེན་》ཞེས་པ་སྔ་གཞུག་ཏུ་ཞིང་ཆེན་འབྲེལ་ཡོད་ལས་ཁུངས་ལ་སྙན་ཞུ་ཡི་གེ་བྲིས་མཐར། ཞིང་ཆེན་ཨུ་དང། ཞིང་ཆེན་སྲིད་གཞུང་གིས་ཧ་ཅང་གཙིགས་ཆེན་མཛད་དེ། སྐབས་དེའི་ཞིང་ཆེན་གྱི་ཏང་སྲིད་འགོ་ཁྲིད་དག་གིས་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་དང ། རྫོང་གཉིས་ཀྱི་ས་མཚམས་རྩོད་གླེང་གནད་དོན་ཐག་གཅོད་ཞིབ་འཇུག་གི་ཚོགས་འདུ་མང་དུ་བསྡུས་ཏེ། རྫོང་གཉིས་ཀྱིས་2018ལོའི་ཟླ11པའི་ཚེས་22ཉིན་ཁུལ་གཉིས་ཀྱི་གཅིག་གྱུར་གྱི་བདེན་དཔང་འོག《དཔའ་ལུང་རྫོང་མི་དམངས་སྲིད་གཞུང་དང་གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་མཉམ་གཅིག་ཏུ་འཆམ་མཐུན་གཏན་འཇགས་ཀྱི་ས་མཚམས་དབྱེ་འབྱེད་ཀྱི་གྲོས་གཞིའི་》སྟེང་མིང་རྟགས་བཀོད་པས། གཞི་ནས་རྩོད་གླེང་གནད་དོན་ཐག་གཅོད་ཐུབ་པ་བྱུང་བ་ཞིག་ཡིན།

55.jpg

བྱ་འགུལ་སྟེང་། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཆའོ་ཞའེ་ཀྲི་དང་། མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གི་འགོ་གཙོ་ཝང་ཡུས་ཧུའུ་གཉིས་ཀྱིས་བྱ་འགུལ་སྤེལ་བའི་མཛད་སྒོར་སྨོན་ཚིག་ཕུལ་བ་མ་ཟད། མཉམ་གཅིག་ཏུ་མི་རིགས་མཐུན་སྒྲིལ་ནགས་ཚལ་ཞེས་པའི་རྡོ་རིང་སྟེང་གི་རས་ཡུག་དམར་པོ་མར་ཕྱེས། དེའི་རྗེས་ཞིང་ཆེན་ནགས་ཚལ་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ཧྭི་ཝན་ཁྲིན་གྱིས་ཐེངས་འདིའི་རྨ་ལྷོ་ཁུལ་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་སྡོང་འཛུགས་ནགས་སྐྲུན་བྱ་འགུལ་དངོས་སུ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་མཉམ་དུ། བྱ་འགུལ་ལ་ཞུགས་པའི་འགོ་ཁྲིད་པ་རྣམས་ཀྱིས་རྫོང་གཉིས་ཀྱི་ལས་ཁུངས་ཀྱི་ལས་བཟོ་བ་དང་དམངས་ཚོགས་རྣམས་ཀྱི་སྣེ་ཁྲིད་དེ་དངོས་སུ་སྡོང་འཛུགས་ལས་ཀར་ཞུགས།

000.jpg

ཐེངས་འདིའི་བྱ་འགུལ་འདི་ནི་རྫོང་གཉིས་ཀྱི་ལོ་ངོ་ཉི་ཤུའི་རིང་གི་ས་མཚམས་རྩོད་གླེང་འགལ་ཟླའི་རྣམ་པ་ཡོངས་སུ་མཇུག་རྫོགས་པ་མཚོན་ཡོད་པ་མ་ཟད། ཞིང་ཆེན་གོང་འོག་རིམ་པས་གཏིང་ཟབ་སྒོས་རྒྱལ་ཁོངས་སྔོ་ལྗང་ཅན་དུ་བསྒྱུར་བའི་གོ་སྐབས་དམ་འཛིན་དང་། མི་རིགས་མཐུན་སྒྲིལ་འཕེལ་རྒྱས་བརྗོད་བྱར་བཟུང་སྟེ། སྡོང་འཛུགས་སྔོ་ལྗང་འཕེལ་རྒྱས་ཀྱི་དམིགས་འབེན་ལག་ལེན་དོན་འཁྱོལ། རྫོང་གཉིས་ཀྱི་བར་ཕན་ཚུན་ལ་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་ལ་ཤུགས་སྣོན་དང་མི་དམངས་མང་ཚོགས་ཀྱི་མཛའ་བརྩེ་སྔར་ལས་ལྷག་པར་གཏིང་ཟབ་ཏུ་གཏོང་བའི་གཞི་རྒྱ་ཆེ་བའི་གར་སྟེགས་གསར་པ་ཞིག་བསྐྲུན་ཡོད་ཅིང་། རྫོང་གཉིས་ཀྱིས་སྤྱི་ཚོགས་གཏན་འཇགས་འཕེལ་རྒྱས་སྐུལ་འདེད་ལ་དོན་དངོས་རང་བཞིན་དང་ལོ་རྒྱུས་རྒྱུན་རིང་བའི་དགེ་མཚན་ལྡན་པའི་རྣམ་པ་མངོན་པར་བྱས།

 ཐེངས་འདིའི་སྡོང་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་མུའུ451.5ཡོད་པ་དང་། མ་དངུལ་སྒོར་ཁྲི680བཏང་ནས་སྡོང་བོ་སྣ་ཁ་རིགས་དྲུག་དང་སྡོང་རྐང་ཁྲི་ལྷག་བཙུགས་ཡོད་པ་རེད།

99.jpg


རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།