མཚོ་བོད་ལྕགས་ལམ་ཚོགས་པས་མེ་འཁོར་གྱི་བུད་མེད་ཁ་ལོ་བ་ཁག་དང་པོ་བསྡུ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམིགས་བསལ་གྱི་ལས་ཀའི་ཁོར་ཡུག་གི་ཚོད་འཛིན་ཕོག་རྐྱེན“ངར་ལྕགས་མཁའ་ལམ”ཞེས་གྲགས་པའི་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཐོག་མེ་འཁོར་ཁ་ལོ་བའི་ལས་རིགས་དེ་བུད་མེད་ཚོའི་ངོས་ནས་བརྗོད་ན“དཀའ་ཚེགས་ཆེ་བའི་ཁུལ”ཞིག་རེད། ད་ཆ་ས་མཐོའི་ལྕགས་ལམ་གྱི་མེ་འཁོར་ཨ་མའི་ལག་རྩལ་ཡར་རྒྱས་དང་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཐོག་མེ་འཁོར་ཁ་ལོ་བ་བུད་མེད་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཉེར་ཡོད་པ་རེད།

གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀུང་སི་དེས་ཟླ4པའི་ཟླ་སྟོད་དུ་མེ་འཁོར་གྱི་བུད་མེད་ཁ་ལོ་བ་ཁག་དང་པོ་གདམ་གསེས་དང་གསོ་སྦྱོང་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ཤིང་། མིག་སྔར་ལས་དོན་དེ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། འབྲེལ་ཡོད་འཆར་གཞི་གཞིར་བཟུང་སྔོན་དཔག་བྱས་ན་ཁག་དང་པོར་མེ་འཁོར་གྱི་བུད་མེད་ཁ་ལོ་བ20ཙམ་བསྡུ་རྒྱུ་རེད།

“མེ་འཁོར་གྱི་བུད་མེད་ཁ་ལོ་བ་གདམ་གསེས་བྱས་པ་ནི་ང་ཚོའི་ཚོགས་པ་ཀུང་སིའི་ཁོངས་གཏོགས་སུ་གདམ་གསེས་ཐོག་མར་བྱས་པ་ཞིག་རེད”ཅེས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་འཕྲུལ་དོན་པུའི་པུའུ་ཀྲང་ལིའུ་ཅུན་གྱིས་བཤད།

ཤེས་རྟོགས་བྱས་པར་གཞིགས་ན། མཚོ་བོད་ལྕགས་ལམ་གྱི་མེ་འཁོར་གྱི་བུད་མེད་ཁ་ལོ་བ་ཁག་དང་པོ་མཚོ་བོད་ཚོགས་པ་ཀུང་སིའི་གཞི་རིམ་ས་ཚིགས་དུམ་བུར་ཕྱོགས་ནས་གདམ་གསེས་བྱ་རྒྱུ་དང་། ཚན་པའི་འོས་སྦྱོར་དང་། སློབ་རྒྱུས་བདེན་དཔང་སོགས་རིམ་པ་བཞིན་གདམ་གསེས་དང་། དེ་བཞིན་ཐོག་མའི་ཚོད་ལྟ་དང་ངོ་རྒྱུགས་སོགས་ཀྱི་ལྷུ་ཚིགས་བརྒྱུད་གདམ་གསེས་བྱས་པ་དག་གཟུགས་པོ་བརྟག་དཔྱད་དང་དེ་བཞིན་མེ་འཁོར་ཞབས་ཞུའི་ཆེད་ལས་ཉམས་ལེན་བྱས་རྗེས། དུས་ཡུན་ཟླ་བ3རིང་གི་བཀག་སྡོམ་རྣམ་པའི་སློབ་སྦྱོང་ལ་ཞུགས་རྒྱུ་རེད། མཐར་ཁ་ལོ་བ་གཞོན་པའི་ཡིག་རྒྱུགས་བཏང་རྗེས་མེ་འཁོར་ཞབས་ཞུའི་ལས་གནས་ཐོག་སྐྱོད་རྒྱུ་རེད།

མཚོ་བོད་ལྕགས་ལམ་གྱི་ས་བབ་མཐོ་ཚད་སྨི4000ཡན་གྱི་ལམ་དུམ་བུར་ལམ་ཐག་སྤྱི་ལེ960ཡོད་པ་དང་། ས་བབ་མཐོ་ཤོས་ལ་སྨི5072ཡོད་པ་དེ་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་དང་། ས་མཐོའི་ལམ་ཐག་རིང་ཤོས། འཁོར་སྐྱོད་ཀྱི་ཁོར་ཡུག་ཞན་ཤོས་བཅས་ཀྱི་ས་མཐོའི་འཁྱགས་སའི་ཁུལ་གྱི་ལྕགས་ལམ་ཞིག་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།