ཝང་ལིས་མེན་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཝང་ཧེ་ཀྲིག་གིས་ལྷ་ས་ནས་བཞུགས་མོལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཝང་ཧེ་ཀྲིག་གིས་ལྷ་ས་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཡུས་ལུང་ཟངས་གཏེར་སོགས་ལས་གཞི་ཆེ་གྲས་འཛུགས་སྐྲུན་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་རྒྱུ་དཀྱིལ་སྙིང་དུ་བཟུང་ནས། མུ་མཐུད་དུ་གཏེར་ལས་ཐོན་ཁུངས་གསར་སྤེལ་གཏིང་ཟབ་བྱས་ཏེ། ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་མཉམ་ལས་གཉིས་རྒྱལ་སོགས་མངོན་འགྱུར་ཡོང་བའི་ཐད་ནས་གླེང་མོལ་བྱས།

ཝང་ལིས་མེན་གྱིས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་མཉམ་ལས་འབད་འབུངས་ལ་བརྟེན་ནས། ཡུས་ལུང་ཟངས་གཏེར་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་རྣམ་པ་སྔར་ལས་ཇེ་བརྟན་དུ་གྱུར། ཉེ་ལམ། སྐབས་གཉིས་པའི་རྒྱ་བསྐྱེད་ལས་གཞི་བསྒྲུབ་འགོ་བརྩམས་ཡོད་ཅིང་། ལས་གཞི་འདི་ནི་རྒྱལ་ཁབ་ཀྱིས་གཏན་འབེབས་བཟོས་པའི་ལས་གཞི་གལ་ཆེན་ཞིག་ཡིན་ལ། བོད་རང་སྐྱོང་ལྗོངས་ནས་མདོག་ལྡན་ལྕགས་རིགས་ཀྱི་རྟེན་གཞི་གསར་འཛུགས་བྱེད་པའི་བཟོ་སྐྲུན་གལ་ཆེན་ཞིག་ཀྱང་ཡིན་པས། དེར་དུས་ཚོད་དམ་ཞིང་བླང་བྱ་མཐོ་ལ། ཨར་ལས་ཀྱི་དཀའ་ཚད་ཧ་ཅང་ཆེ། རེ་བ་ཡིན་ན་ཨར་ལས་བསྒྲུབ་མཁན་ལས་ཁུངས་ཀྱིས་དོ་དམ་ནན་མོ་དང་རྩ་འཛུགས་ཞིབ་ཚགས་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་སྐྱེད་བདེ་འཇགས། བཟོ་སྐྲུན་གྱི་སྤུས་ཚད་ལོངས་པ་བཅས་བྱས་ཏེ། ཤུགས་ཆེན་པོས་མདོ་དབུས་མཐོ་སྒང་གི་དཔེ་སྟོན་བཟོ་སྐྲུན་ལེགས་གྲས་བསྐྲུན་ནས། སྔ་ས་ནས་བཟོ་སྐྲུན་ལེགས་འགྲུབ་བྱུང་ནས་ཕན་འབྲས་འདོན་སྤེལ་བྱེད་དགོས། མཚོ་སྔོན་གྱིས་ཤུགས་ཆེན་པོས་ཁེ་ལས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་ཟེར།

ཝང་ཧེ་ཀྲིག་གིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་རྒྱབ་སྐྱོར་འོག་ནས། ཡུས་ལུང་ཟངས་གཏེར་གསར་སྤེལ་དང་བཀོལ་སྤྱོད་ཐད་ཕན་འབྲས་མི་དམན་པ་བླངས་ཡོད་ཅིང་། དེ་བསྟུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཕན་འབྲས་ཀྱང་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་། མ་འོངས་པ་ན་ཡུས་ལུང་ཟངས་གཏེར་གྱིས་མུ་མཐུད་དུ་སྐྱེ་ཁམས་སྲུང་སྐྱོབ་ལེགས་པོ་བྱས་ནས། ཤུགས་ཆེན་པོས་ལྗང་མདོག་གཏེར་ཁུལ་བསྐྲུན་ཏེ། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་པུའུ་དང་ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གིས་མུ་མཐུད་དུ་ཞབས་ཞུའི་ལས་དོན་ལ་ཤུགས་བསྣན་ནས། ཁེ་ལས་འཕེལ་རྒྱས་དང་ལས་གཞི་འཛུགས་སྐྲུན་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ཅི་ཡོད་མཐུན་སྦྱོར་ཐག་གཅོད་གང་ལེགས་བྱས་ཏེ། ཕྱིའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།