རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མ་དངུལ་འབོར་ཆེན་བཏང་སྟེ་མཚོ་སྔོན་གྱི་ཆུ་བེད་བཟོ་སྐྲུན་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།  རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་བཟོ་སྐྲུན་གལ་ཆེན་ཐད་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ལྷག་བཏང་བ་དང་། འདི་ནི་རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་བཟོ་སྐྲུན་ཐད་བཏང་བའི་མ་དངུལ་ཆེས་མང་བའི་ཐེངས་ཤིག་ཡིན་ལ།   འདིས་མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་བཟོ་སྐྲུན་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

ཐེངས་འདིའི་མ་དངུལ་དག་གཙོ་བོ་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པ་སོགས་རྒྱལ་ཁབ་ཀྱི་ཆུ་བེད་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་ཐད་བཀོལ་རྒྱུ་རེད།  ཆུ་བེད་བཟོ་སྐྲུན་འདི་དག་ལག་བསྟར་བྱས་རྗེས།   ཆུ་བེད་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱེད་ཐུབ་པ་དང་།   ཆུའི་ཐོན་ཁུངས་བཀོད་སྒྲིག་ནུས་པ་ཇེ་དྲག་ཏུ་གཏོང་བ།  ཆུའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་གཏོང་བ་བཅས་བྱས་ཏེ་ཆུའི་བདེ་འཇགས་འཐབ་ཇུས་ཐད་ནུས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་ཐུབ།  བཟོ་སྐྲུན་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས།   འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་དང་དཔལ་འབྱོར་གཏན་འཇགས་འཕར་སྣོན་ལ་སྐུལ་འདེད་གཏོང་བ།   མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་རྨང་གཞི་སྲ་བརྟན་དུ་གཏོང་བ།   འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ།   དབུལ་ཕོངས་ས་ཁུལ་དབུལ་ཐར་བྱེད་པར་སྐུལ་འདེད་གཏོང་བ།   ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བསྟན་དོན།   གོ་རིམ་རྗེས་མར་ཧུར་ཐག་གིས་འབྲེལ་ཡོད་ལས་ཁུངས་མཐུན་སྦྱོར་བྱས་ཏེ་ལས་གཞིའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་།   བཟོ་སྐྲུན་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ། སྤྱི་ཚོགས་དང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཕན་འདོགས་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།