ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཁེ་ལས། མཐོ་རིམ་སློབ་གྲྭ་བཅས་ལ་འཚམས་འདྲི་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྔ་གཞུག་དང་འཐུས་མིའི་ངལ་གསོའི་ཉིན་མོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གཉིས་མཉམ་དུ་དང་ཡང་ན་སོ་སོར་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། སློབ་གསོ་པུའུ། བཟོ་ལས་ཆ་འཕྲིན་ཅན་པུའུ། ཞིང་ལས་ཞིང་སྡེ་པུའུ། ཆུ་བེད་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། འཕྲལ་བསྟུན་དོ་དམ་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་། རྒྱལ་ཁབ་ནུས་ཁུངས་ཅུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་དང་ཆིན་ཧྭ་སློབ་ཆེན། ཀྲུང་གོའི་གློག་འཛུགས་སྡེ་ཚོགས་སོགས་སུ་འཚམས་འདྲི་བྱེད་དུ་སོང་ནས། མཉམ་དུ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་དང་འབྲེལ་བའི་བྱ་བ་གལ་ཆེན་ལ་གྲོས་མོལ་བྱས་པ་དང་། ཕྱོགས་སོ་སོའི་རྒྱབ་སྐྱོར་བརྩོན་ལེན་བྱས་ལ། མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་གསར་བ་དང་རྣམ་པ་གསར་བར་གྲོས་སྡུར་བྱས་ཏེ། མཚོ་སྔོན་གྱིས་ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བར་རོགས་འདེགས་བྱས།

གྲོས་མོལ་བྱེད་སྐབས། ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་གི་ཁེ་ལས། མཐོ་རིམ་སློབ་གྲྭ་བཅས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོ་གཉིས་ཀྱིས་བཤད་རྒྱུར། འདས་པའི་ལོ་གཅིག་ནང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། འཕེལ་རྒྱས་ཀྱི་ཁོར་ཡུག་རྙོག་འཛིང་ཆེ་བ་དང་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་འགྲོ་བའི་རྒྱབ་ལྗོངས་འོག གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དམིགས་འབེན་རྒྱུན་འཁྱོངས་བྱས་པ་དང་། ལྔ་བཞིའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ལ། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ནས་སྣང་ཚུལ་གསར་བ་མངོན་པ་དང་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་། དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་བྱས་པའི་གྲུབ་འབྲས་ཡིན་ལ། རྒྱལ་ཁབ་པུའུ་ཨུ་དང་ཀྲུང་དབྱང་གི་ཁེ་ལས། མཐོ་རིམ་སློབ་གྲྭའི་རྒྱབ་སྐྱོར་ཤུགས་ཆེན་དང་རོགས་རམ་ཡང་འདུ་། མིག་སྔར། མཚོ་སྔོན་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པའི་མཇུག་བསྡུ་བའི་ཐད་ནས་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་བའི་གནད་འགག་དུས་སྐབས་སུ་གནས་པས། པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་ཀྲུང་དབྱང་གི་ཁེ་ལས། མཐོ་རིམ་སློབ་གྲྭ་བཅས་ཀྱིས་སྔར་བཞིན་དུ་མཚོ་སྔོན་གྱི་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་བྱ་བ་སྣ་ཚོགས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས། སྲིད་ཇུས་དང་མ་དངུལ། ལས་གཞི། ལག་རྩལ་དང་ཤེས་ལྡན་མི་སྣ་སོགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་རྒྱུའི་རེ་བ་བཅངས་ཡོད་ཟེར།

པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་ཀྲུང་དབྱང་གི་ཁེ་ལས། མཐོ་རིམ་སློབ་གྲྭས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། མཚོ་སྔོན་གྱིས་བཏོན་པའི་བསམ་འཆར་དང་རེ་བར་ལན་གསལ་བོ་བཏབ་ལ། རྗེས་ཕྱོགས་ཀྱི་བྱ་བ་བཟང་བོ་བསྒྲུབ་པའི་ཐད་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་བཏོན། ཁོ་ཚོས་བཤད་རྒྱུར། མཚོ་སྔོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ཁྲོད་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་ཟིན་པ་དང་། རྒྱལ་ཡོངས་ལ་བྱས་རྗེས་གལ་ཆེན་བཞག མཚོ་སྔོན་གྱི་དམིགས་བསལ་གནས་ཚུལ་ལ་བསམ་གཞིགས་གང་ལེགས་གཏོང་བ་དང་། མཚོ་སྔོན་གྱི་འཕེལ་རྒྱས་ཐད་སྔར་ལས་དོ་སྣང་དང་རྒྱབ་སྐྱོར་བྱེད་པ། བཅོས་བསྒྱུར་གྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པ། རྒྱབ་སྐྱོར་དང་མཉམ་ལས་སྤེལ་ཤུགས་ཆེ་རུ་གཏོང་བ། མཚོ་སྔོན་ལ་རོགས་བྱས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་ཞན་ཆ་ཁ་གསབ་སྟེ། མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པའི་ཐད་ཤུགས་ཡོད་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

འཚམས་འདྲི་བྱེད་སྐབས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཞིང་ལས་ཞིང་སྡེ་པུའུ་གཉིས་ཀྱིས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་མཉམ་འཛུགས་བྱེད་པའི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད།

མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཞི་མེན་དང་ཝང་ཡུས་པོ། ཡན་ཅིན་ཧའེ། ཡུས་ཚོང་ལི། ཁོང་ཡུང་། ཝང་ལིས་མེན། ཐེན་ཅིན་ཁྲིན་སོགས་འཚམས་འདྲི་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།