མཚོ་སྔོན་གྱི་​ནགས་ལས་སྡེ་ཁག་གིས་ཡུལ་ཤུལ་གནོད་ཁུལ་གྱི་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་བྱ་བ་བསྒྲུབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་དཔྱིད་འགོ་ཚུགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཆ་སོ་སོར་ཁ་བ་ཆེན་པོ་བབས་པ་དང་། རང་སྐྱོང་ཁུལ་མངའ་ཁུངས་ཀྱི་ས་གནས་མང་ཆེ་ཤས་ལ་གངས་སྐྱོན་ཐེབས་པས། རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ལ་གནོད་འཚེ་ཆེན་པོ་ཐེབས། དེ་བས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་སྣང་ཚུལ་འདིར་མཐོང་ཆེན་བྱས་ཞིང་། ཧུར་ཐག་སྒོས་བྱེད་ཐབས་སྣ་མང་སྤྱད་དེ་ནུས་ཤུགས་ཡོད་དགུ་བཏོན་ནས་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་ཀྱི་ལས་སུ་ཞུགས། 

གནོད་འཚེ་བྱུང་རྗེས། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་དུས་ལྟར་མ་དངུལ་བརྩོན་ལེན་བྱས་པ་དང་། དུས་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ས་གནས་ནགས་ལས་ཅུའུ། རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་འགན་སྲུང་ས་ཚིགས་བཅས་ལ་བརྡ་སྦྱོར་བཏང་སྟེ། རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་བྱེད་པའི་བྱ་བ་བཀོད་སྒྲིག་བྱས། དུས་མཚུངས་སུ་བྱ་བའི་ཚན་ཆུང་ཡུལ་ཤུལ་གནོད་ཁུལ་ལ་མངགས་ནས་གནས་ཚུལ་རྒྱུས་ལོན་བྱེད་པ་དང་། ཧུར་ཐག་སྒོས་ས་གནས་སྲིད་གཞུང་དང་མཉམ་འབྲེལ་བྱས་ཏེ་གནས་ཚུལ་རྒྱུས་ལོན་བྱས་ཏེ་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་བྱ་བར་གྲོས་མོལ་བྱས།

ཚན་རིག་གི་ལམ་ནས་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་བྱེད་པར་མཛུབ་སྟོན་བྱེད་ཆེད། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཀྲུང་གོའི་ཚད་འཇལ་སློབ་གྲྭ་ཆེན་མོའི་སྐྱེ་དངོས་ཐོན་ཁུངས་དང་རིགས་མང་ཞིབ་འཇུག་གླིང་གཉིས་དང་མཉམ་འབྲེལ་བྱས་ཏེ《མཚོ་སྔོན་ཞིང་ཆེན་གངས་སྐྱོན་ཁྲོད་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་བྱེད་པའི་མཛུབ་སྟོན་ལག་དཔེ》 འགྲེམ་སྤེལ་བྱས་ཞིང་། ཕྱོགས17སྟེང་ནས་གངས་སྐྱོན་ཁྲོད་རི་སྐྱེས་སྲོག་ཆགས་ལ་ཐེབས་པའི་གནོད་འཚེ་དང་མྱུར་སྐྱོབ་བྱ་བ་ཇི་ལྟར་སྤེལ་བ། མྱུར་སྐྱོབ་གཟན་རྩྭ་འགྲེམ་གཏོང་བྱེད་པ། རི་སྐྱེས་སྲོག་ཆགས་བསྡུ་ཉར་མྱུར་སྐྱོབ་བྱེད་པ་སོགས་ཡི་གེ་དང་པར་རིས་བརྒྱུད་ནས་འགྲེལ་བཤད་བྱས། 

  ཉེ་ལམ། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་གནོད་ཁུལ་གྱི་མྱུར་སྐྱོབ་བྱ་བར་མཛུབ་སྟོན་རང་བཞིན་གྱི་བླང་བྱ་བཏོན་པ་དང་།  རང་བྱུང་གི་ཆོས་ཉིད་ལ་བརྩི་འཇོག་དང་གཅིག་གྱུར་སྒོས་ལས་དོན་བསྒྲུབ་པར་རྒྱུན་འཁྱོངས་བྱེད་དགོས་པ་སོགས་ཀྱི་བླང་བྱ་བཏོན།   །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།