ཡུལ་ཤུལ་དུ་བརྩེ་སེམས་ཀྱིས་ཕྱུག ཞལ་འདེབས་དངོས་པོ་ལག་ཏུ་འབྱོར།

—— པེ་ཅིང་དང་། ཧོ་ནན། སི་ཁྲོན་སོགས་ཞིང་ཆེན་གྱིས་ ཡུལ་ཤུལ་གྱི་གངས་སྐྱོན་ཕོག་ཁུལ་ལ་རོགས་རམ་བྱས་པའི་སྐོར།    

ན་ནིང་ལོ་མཇུག་ནས་ད་བར་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོའི་ས་ཁུལ་གྱི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཏུ་གངས་ཐེངས་20ལྷག་ཙམ་བསྟུད་མར་བབས་པར་བརྟེན་ས་ཁུལ་ཁག་གཅིག་ལ་གངས་སྐྱོན་གྱི་གནོད་འཚེ་ཚབས་ཆེན་ཕོག་ཡོད།

མིག་སྔའི་བར་ཡུལ་ཤུལ་གྱི་ཤང་གྲོང་28ཀྱི་གྲོང་ཚོ་99ཡི་མང་ཚོགས་ཁྲི་12དང་ཕྱུགས་རིགས་མགོ་གྲངས་ཁྲི་100ལྷག་ཙམ་ལ་གངས་སྐྱོན་གྱི་གནོད་འཚེ་ཕོག་པ་དང་ཕྱུགས་རིགས་མགོ་གྲངས་ཁྲི་2ལྷག་ཙམ་ཤི་ཡོད། ཉེ་དུས་ས་གནས་དེ་གའི་གངས་སྐྱོན་གྱི་གནོད་འཚེ་ཕོག་ཁུལ་ཁག་གཅིག་ལ་སླར་ཡང་གངས་བབས་ནས་གནོད་འཚེ་མུ་མཐུད་ཐོན་བཞིན་ཡོད།

གངས་སྐྱོན་ལ་ཡ་ང་མེད་རུང་། མི་སེམས་ལ་བརྩེ་བ་ལྡན། པེ་ཅིང་དང་། ཧོ་ནན། སི་ཁྲོན་སོགས་ཞིང་ཆེན་དང་དེ་བཞིན་སྤྱི་བདེ་པུའུ་བཅས་ཀྱིས་རོགས་སྐྱོར་གྱི་ལག་ཟུང་བརྐྱངས་ནས་གཅིག་རྗེས་གཉིས་མཐུད་ངང་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལ་རོགས་རམ་བྱས་པ་རེད།

པེ་ཅིང་གྲོང་ཁྱེར་གྱི་ཁག་གསུམ་པའི་མཚོ་སྐྱོར་ལས་བྱེད་པའི་རུ་དཔོན་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་རྒྱུན་ཨུ། ཀྲོའུ་ཀྲང་གཞོན་པ་བཅས་ཡིན་པའི་ཝང་ཏུའུ་ཝེ་ཡིས་ཡུལ་ཤུལ་དུ་གངས་སྐྱོན་གྱི་གནོད་འཚེ་ཕོག་རྗེས་ཡུལ་ཤུལ་དུ་བཅའ་སྡོད་པེ་ཅིང་མཚོ་སྐྱོར་ལས་བྱེད་པ་ཚོས་མཐོ་གྲང་གི་གསོ་རླུང་མི་འདང་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་གེགས་ཁུལ་དུ་བསྐྱོད་དེ་ས་གནས་ཏང་ཨུད་སྲིད་གཞུང་ལ་རོགས་རམ་བྱས་ནས་འགྲོ་ལམ་བཤངས་པ་སོགས་ཀྱི་རྒུད་སྐྱོབ་ལས་དོན་སྤེལ་ཡོད་ཅེས་བཤད།

གངས་སྐྱོན་གྱི་གནོད་འཚེ་ཕོག་ཁུལ་དུ་གཟན་རྩྭ་དཀོན་པ་སོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱ་ཆེད། མཚོ་སྔོན་ཡུལ་ཤུལ་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་པེ་ཅིང་གྲོང་ཁྱེར་གྱིས་ཉེ་ཆར་སྒོར་ཁྲི་1500གྲབས་གསོག་བྱས་ནས་རྒུད་སྐྱོབ་ཐད་སྤྱད་པ་དང་། མཚོ་སྔོན་ཡུལ་ཤུལ་གྱི་གནོད་འཚེ་ཕོག་པའི་རྫོང་ཁག་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་པེ་ཅིང་ཧྲི་ཅིང་ཧྲན་དང་། ཧོའེ་རོའུ། ཤི་ཁྲེང་། ཕེང་ཐའེ་སོགས་ཆུས་ཀྱིས་ཁྱོན་མ་དངུལ་སྒོར་ཁྲི་450གྲབས་གསོག་བྱས་ནས་ཡུལ་ཤུལ་ལ་རོགས་རམ་བྱས་པ་རེད།

ཧོ་ནན་ཞིང་ཆེན་གྱིས་ཡུལ་ཤུལ་གྱི་རྒུད་སྐྱོབ་ལས་དོན་ཐད་རོགས་རམ་བྱས་ཤིང་། ཧོ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྒོར་ཁྲི་1000ཞལ་འདེབས་བརྒྱབ་ནས་གེགས་འགོག་གེགས་སེལ་དང་རྒུད་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་སྦྲགས་རང་ནུས་གང་ཡོད་ཀྱིས་རོགས་རམ་བྱ་རྒྱུའི་ཐག་བཅད་པ་རེད། རི་ཆུ་འབྲེལ་བའི་སྤུན་ཟླའི་ཁྱིམ་མཚེས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སེར་ཤུལ་རྫོང་གིས་ཡུལ་ཤུལ་ལ་གངས་སྐྱོན་གྱི་གནོད་འཚེ་ཐོན་མ་ཐག་རོགས་སྐྱོར་རུ་ཁག་བཏང་བ་དང་། མང་ཚོགས་ལ་འབྲུ་རིགས་དང་གཟན་རྩྭ་སོགས་རྒུད་སྐྱོབ་དངོས་རྫས་སྤྲད་པ་མ་ཟད་ད་དུང་སླར་ཡང་རོགས་སྐྱོར་རུ་ཁག་ཁག་3བཏང་ནས་ཁྱོན་སྒོར་ཁྲི་56རི་བའི་འབྲས་ཏུན་40དང་ཡུ་གུ་ཏུན་70ཞལ་འདེབས་བརྒྱབ་པ་རེད།

ཚེས་22ཉིན་སྤྱི་བདེ་པུའུ་ཡིས་རོགས་སྐྱོབ་རྒུད་སྐྱོབ་ལས་དོན་ལ་སྐུལ་འདེད་གཏོང་ཆེད། མི་སྣ་སྒྲིག་འཛུགས་བྱས་ནས་གངས་སྐྱོན་གྱི་གནོད་འཚེ་ཕོག་ཁུལ་གྱི་འཐབ་ས་དང་པོའི་མི་དམངས་ཉེན་རྟོག་པར་སྒོར་ཁྲི་545.96རི་བའི་རོགས་སྐྱོབ་ཡོ་བྱད་དང་། རླངས་འཁོར། འཕྲིན་གཏོང་སོགས་ཀྱི་གེགས་འགོག་རྒུད་སྐྱོབ་ཀྱི་སྒྲིག་ཆས་སྤྲད་པ་རེད།

མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་གེགས་འགོག་རྒུད་སྐྱོབ་ལས་དོན་འཕྲལ་སྡོམ་བཀོད་འདོམས་པུའི་འགན་འཁུར་བས་མིག་སྔར་གངས་སྐྱོན་གྱི་གནོད་འཚེ་ཕོག་ཁུལ་གྱི་འཚོ་བའི་དངོས་ཟོག་གྲབས་གསོག་ཡག་པོ་བྱུང་ཡོད་ལ། གཟན་རྩྭ་ཡང་གེགས་ཁུལ་གྱི་ཕྱོགས་སུ་སྐྱེལ་བཞིན་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།