མཚོ་སྔོན་གྱིས་བྱ་ཐབས་སྣ་མང་སྤྱད་དེ་ཡུལ་ཤུལ་གངས་སྐྱོན་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྐྱོབ་ཐབས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཁུལ་གྱི་སྣོད་བཅུད་བདག་སྐྱོང་བ་པད་མ“དྲ་བའི་ཐོག་སྐད་གྲགས་ཆོད་པའི་མི”ཞིག་ལ་གྱུར་ཡོད། ཁོང་གིས་སྒལ་པར་གཟན་རྩྭ་འཁྱེར་བ་དང་གྲང་ངར་ཆེ་བའི་གཙང་ཆུ་བརྒལ་ནས་ཆུའི་ཕར་རོལ་གྱི་ཤྭ་བ་མཆུ་དཀར་དང་གནའ་བ་སོགས་རི་སྐྱེས་སྲོག་ཆགས་ལ་གཟན་རྩྭ་སྟེར་བར་འགྲོ་བའི་པར་རིས་སྐད་འཕྲིན་གྱི་གྲོགས་ཚོགས་ནང་བརྒྱུད་བསྐུར་ཐེངས་མང་བྱས་པས། དྲ་གྲོགས་ཚོས་ཁོང་གི་བྱེད་སྟངས་དེར་འཚང་ཁ་ཤིག་ཤིག་ངང་བསྔགས་བརྗོད་བྱེད་ཀྱི་ཡོད།

ལོ54ལ་སླེབས་པའི་པད་མའི་ཁྱིམ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྫ་ཆེན་ཤང་བདེ་ཆེན་གྲོང་ཚོ་ནས་ཡིན་པ་དང་། ཡུལ་ཤུལ་ཁུལ་དུ་ཉེ་ཆར་གཞི་ཁྱོན་ཆེ་བའི་གངས་ཆེན་བབས་ནས་ཁུལ་དེ་ཡོངས་ཀྱི་གྲོང་ཁྱེར1དང་རྫོང5ལ་ཚད་གཞི་མི་འདྲ་བའི་གངས་སྐྱོན་ཕོག་ཡོད། རྫ་སྟོད་རྫོང་ནི་ཡུལ་ཤུལ་གྱི་གངས་སྐྱོན་ཕོག་ཚབས་ཆེ་ཤོས་ཀྱི་རྫོང་ཡིན་པ་དང་། གྲང་ངར་ཆེ་བའི་གནམ་གཤིས་མུ་མཐུད་བསྟན་པ་དང་གངས་གསོག་ཐེབས་པའི་རྐྱེན་གྱིས་རྫོང་དེའི་མངའ་ཁོངས་ཀྱི་ཤྭ་བ་མཆུ་དཀར་སོགས་རི་སྐྱེས་སྲོག་ཆགས་ལ་གཟན་རྩྭ་དཀོན་པའི་དཀའ་ངལ་འཕྲད་ཡོད།

རྫ་སྟོད་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚེ་བརྟན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྫོང་དེར་ཆ་སྙོམས་ས་བབ་མཐོ་ཚད་སྨི4000ལྷག་ཙམ་ཟིན་པ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཁུལ་དུ་གནས་པ་དེ་ནི་མཚོ་བོད་ས་མཐོའི་རི་སྐྱེས་སྲོག་ཆགས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་དང་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་གངས་སྐྱོན་ཕོག་པའི་རྐྱེན་གྱིས་རྫོང་དེའི་རི་སྐྱེས་སྲོག་ཆགས་བརྒྱ་ལྷག་ཙམ་ཤི་ཡོད་པ་རེད།

གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་སྤྱི་ཁྱབ་ཇུས་འགོད་པ་ཀྲང་ཏེ་ཧའེ་དང་ཅུས་དེའི་སྣོད་བཅུད་སྲུང་སྐྱོང་ཁྲུའི་ཁྲུའུ་ཀྲང་འཇིགས་བྱེད་ཀྱིས་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་སོགས་སུ་བསྐྱོད་དེ་གངས་སྐྱོན་ཁྲོད་ཀྱི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་ཕོག་ཚུལ་སྐོར་ས་གནས་ས་ཐོག་དུ་བརྟག་ཞིབ་བྱས་པ་རེད། འཇིགས་བྱེད་ཀྱིས་ད་ཆ་ཤི་བའི་རི་སྐྱེས་སྲོག་ཆགས་ཚང་མ་ནི་འཁྱགས་ཤི་དང་ལྟོགས་ཤི་ཐེབས་པ་ཤ་སྟག་ཡིན་པ་ལས་འབྲེལ་ཡོད་ཀྱི་ནད་ཡམས་གང་ཡང་ཐོན་མེད་པ་ཤེས་རྟོགས་བྱུང་། སྲིད་གཞུང་གིས་རི་སྐྱེས་སྲོག་ཆགས་བལྟོས་བཅས་ཀྱིས་གཅིག་སྡུད་ཆེ་བའི་ས་ཁུལ་དུ་གཟན་རྩྭ་སྟེར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་རི་སྐྱེས་སྲོག་ཆགས་དཀའ་གནད་ལས་སྒྲོལ་ཐབས་བྱས་ཡོད་ཅེས་བཤད།

གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་སྲིད་གཞུང་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཆེད་དོན་མ་དངུལ་སྒོར་ཁྲི30བཏང་སྟེ་རི་སྐྱེས་སྲོག་ཆགས་ལ་གཟན་རྩྭ་གྲབས་གསོག་དང་གཏོང་འདྲེན་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།