ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བརྙན་རིས་བརྒྱུད་དེ། མཚོ་སྔོན་གྱི་པུ་རུན་ཏི་རྒྱལ་ཁབ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་སྐོར་བཅོ་བརྒྱད་པ་དང་པུ་རུན་ཏི་རྒྱལ་ཁབ་ཏུ་སྡོད་པའི་གཞུང་ཚབ་ཁང་གི་བློ་མཐུན་ལ་བཞུགས་མོལ་བྱས། ཁོས་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ་རྒྱལ་ཁབ་གཞན་པར་ཡོད་པའི་བློ་མཐུན་རྣམས་ལ་བརྩེ་བའི་འཚམས་འདྲི་ཞུས་པ་དང་། གཞུང་ཚབ་ཁང་གི་རྒྱབ་སྐྱོར་ལ་བཀའ་དྲིན་ཞུས། ཁོས་རང་རྒྱལ་གྱི་ཕྱི་ཕྱོགས་རོགས་སྐྱོར་སྨན་བཅོས་རུ་ཁག་གི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱས་ཏེ། རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་སྒྲིག་བཀོད་ཁྲོད་དུ་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན། པུ་རུན་ཏི་རྒྱལ་ཁབ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་སྣེ་ཁྲིད་པ་རྡོ་རྗེས་སྨན་བཅོས་རུ་ཁག་གི་ཏང་འཛུགས་དང་ལས་སྒོའི་བྱ་བ། འཚོ་བའི་གནས་ཚུལ་སོགས་ཡར་ཞུ་བྱས། པུ་རུན་ཏི་རྒྱལ་ཁབ་ཏུ་སྡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཆེན་མོ་བློ་མཐུན་ལིས་ཁྲང་ལིན་བཞུགས་མོལ་ཞུགས་པར་མ་ཟད་གཏམ་བཤད།
ཝང་ཡུས་པོ་ཡིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་ལ་སྨན་བཅོས་རོགས་སྐྱོར་བྱེད་པ་ནི་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ལག་ལེན་གལ་ཆེན་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་པའི་ཐབས་ལམ་གལ་ཆེན་ཡིན། ལོ་སོ་གཉིས་ཀྱི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་པུ་རུན་ཏི་རྒྱལ་ཁབ་སྨན་བཅོས་རུ་ཁག་སྐོར་བཅོ་བརྒྱད་དང་མི་ཐེངས་སུམ་བརྒྱ་དང་དོན་གཉིས་མངགས་ནས། པུ་རུན་ཏི་རྒྱལ་ཁབ་ཀྱི་ནད་པ་མི་ཐེངས་ས་ཡ་གཅིག་དང་འབུམ་གཅིག་ལ་ནད་བརྟག་སྨན་བཅོས་བྱས། སྨན་བཅོས་རུ་ཁག་གི་རུ་མི་རྣམས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས། དཀའ་ངལ་འཛེམས་མེད་དང་བྱས་རྗེས་འཇོག་ཕོད། ནད་པ་མྱུར་སྐྱོབ། བརྩེ་བ་ལྷོད་མེད་བཅས་ཀྱི་སྒོ་ནས་པུ་རུན་ཏིའི་མི་དམངས་ཀྱི་བདེ་ཐང་བདེ་སྐྱིད་མཐོར་འདེགས་སུ་བཏང་བས། པུ་རུན་ཏིའི་སྲིད་གཞུང་དང་མི་དམངས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་དང་། མེས་རྒྱལ་དང་མཚོ་སྔོན་ལ་གཟི་བརྗིད་བརྩོན་ལེན་བྱས་ཡོད། ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ལངས་གནས་མཐོར་འདེགས་སུ་གཏོང་བ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཏང་འཛུགས་ལེགས་འཛིན་བྱེད་པ་བཅས་བྱས་ཏེ། བྱམས་པའི་སེམས་དང་སྨན་བཅོས་རྩལ་གྱིས་ས་དེའི་མི་དམངས་ལ་ཞབས་འདེགས་ཞུས་ནས། མཚོ་སྔོན་གྱིས་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་བྱ་བའི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་དགོས་ཟེར།
གཞུང་ཚབ་ཆེན་མོ་ལིས་ཁྲང་ལིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལོ་མང་པོར་པུ་རུན་ཏི་རྒྱལ་ཁབ་ཀྱི་སྨན་བཅོས་བྱ་གཞག་གི་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཕྱི་འབྲེལ་བྱ་བར་ཞབས་འདེགས་ཞུ་བར་འབད་བརྩོན་ལྷོད་མེད་བྱས་པར་ཁས་ལེན་གང་ལེགས་བྱས་ཤིང་། སྔར་བཞིན་དུ་སྨན་བཅོས་རུ་ཁག་གི་བྱ་བར་རྒྱབ་སྐྱོར་གང་ལེགས་བྱེད་རྒྱུའི་ཚུལ་བསྟན། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཝང་ཡུས་པོ་ཡིས་མཚོ་སྔོན་གྱི་པུ་རུན་ཏི་རྒྱལ་ཁབ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་སྐོར་བཅོ་བརྒྱད་པར་བརྙན་རིས་ལས་བཞུགས་མོལ་བྱས།