ཝང་ཀྲིན་ཧྲིན་གྱིས་སྤྱི་བདེ་ཉེན་རྟོག་པར་ཏང་གི་སློབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་གྱིས་སློབ་སྦྱོང་གི་མྱོང་ཚོར་དང་བྱ་བའི་ལག་ལེན་དང་སྦྲེལ་ནས། ལོ་རྒྱུས་དང་དོན་དངོས་སྦྲེལ་བ་དང་། རྒྱལ་སྤྱི་དང་རྒྱལ་ནང་སྦྲེལ་བ། གཞུང་ལུགས་དང་ལག་ལེན་སྦྲེལ་བ་བཅས་ཀྱི་ཟུར་ཡངས་པོ་ནས་རྒྱ་ཆེའི་ཏང་ཡོན་ཉེན་རྟོག་པ་རྣམས་ལ་ཁ་ཡིག་ལ་ཚན་རིག་གི་འཕེལ་རྒྱས་ལྟ་བ་བརྟན་པོར་བཙུགས་ཏེ་རང་རྟོགས་ཀྱིས་རྨོངས་དད་སྣ་ཚོགས་བཀག་འགོག་བྱེད་དགོས་ཞེས་པའི་བློ་དཀར་དང་དད་མོས་ལ་འབྲེལ་བའི་ཏང་གི་སློབ་ཁྲིད་ཅིག་བྱས།

ཝང་ཀྲིན་ཧྲིན་གྱིས་བསྟན་དོན། ཡིད་ཆེས་དང་དད་མོས་བརྟན་པོ་མེད་ན། བློ་དཀར་ཞེས་པ་ནི་མགོ་ཁུངས་མེད་པའི་ཆུ་དང་རྩ་བ་མེད་པའི་ཤིང་ལྟ་བ་ཡིན། སྤྱི་བདེ་ལས་ཁུངས་དང་དཔུང་སྡེ་ནི་ཏང་དང་མི་དམངས་ཀྱི་ལག་གི་རལ་གྲི་ལྟ་བུ་ཡིན་པས། ངེས་པར་དུ་ཏང་ལ་བློ་དཀར་བའི་ཐད་ནས་རེ་བ་སྔར་ལས་མཐོན་པོ་དང་ནན་མོ་འཛིན་དགོས་ལ། ངེས་པར་དུ་ཏང་གི་རྦད་ཆོད་ཀྱི་འགོ་ཁྲིད་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་ཏང་གི་ལངས་ཕྱོགས་ནི་རང་གི་ལངས་ཕྱོགས་དང་ཏང་གི་ཁ་ཕྱོགས་ནི་རང་གི་ཁ་ཕྱོགས། ཏང་གི་འདོད་བློ་ནི་རང་གི་འདོད་བློ་བཅས་སུ་བཟུང་སྟེ། ཆབ་སྲིད་ཀྱི་ངོ་བོ་གཙོ་བོ་དང་ཆབ་སྲིད་ཀྱི་རེ་བ་གཙོ་བོར་བརྟེན་ནས་གཉིས་སུ་མེད་པ་དང་། དཔྱིས་ཕྱིན་པ། ཆ་རྐྱེན་མེད་པ། སླད་མ་གོས་པ་བཅས་ཀྱི་མཐའ་འཁྱོལ་བའི་བློ་དཀར་གྲུབ་པར་བྱས་ནས། འགྱུར་བ་མེད་པའི་ཡིད་ཆེས་དང་དད་མོས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཝང་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། དུས་རྟག་ཏུ་སྲུང་སྐྱོབ་གཉིས་ལ་དམིགས་ཏེ། ཚན་རིག་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། འགྱུར་བ་མེད་པའི་དད་མོས་འཆང་ནས། མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་ལྟ་བ་དང་མི་རིགས་ལྟ་བ། རིག་གནས་ལྟ་བ། རྒྱལ་ཁབ་ལྟ་བ། ཆོས་ལུགས་ལྟ་བ། དངོས་གཙོ་ལྟ་བ། ལྷ་མེད་ལྟ་བ་བཅས་བརྟན་པོར་འཛུགས་དགོས། ཚིག་བཞི་དང་ཡིག་འབྲུ་བཅུ་དྲུག་གི་སྤྱིའི་བླང་བྱར་དམ་དུ་དམིགས་ནས། ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཇེ་དྲག་ཏུ་གཏོང་བ་དང་། དར་ཆ་མཐོན་པོར་སྒྲེང་བའི་ཁྲོད་ནས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། སྲོལ་བཟང་རྒྱུན་འཁྱོངས་བྱེད་པའི་ཁྲོད་ནས་རྩ་ལག་བརྟན་པར་བྱེད་པ། ཀུན་སྤྱོད་དག་ཐེར་གྱི་ཁྲོད་ནས་སྐྱོན་ཆ་ཡོ་བསྲང་བྱེད་ན། བརྩེ་སེམས་འབུལ་བའི་ཁྲོད་ནས་གསོན་ཤུགས་བསྐྱེད་པ་བཅས་བྱས་ཏེ། སྤྱི་བདེའི་བྱ་བ་སྣ་ཚོགས་ཀྱི་ཚད་འདེགས་རིམ་སྤོར་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་མ་བྱེད་པར་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།