མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱིས་ཏང་ཕྱིའི་མི་སྣ་དང་ཆེད་མཁས་པ་སྐོར་ཞིག་ལ་འཚམས་འདྲི་ཞུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལུགས་རྙིང་ལོ་སར་གྱི་སྔོན་ཏག་ཏག་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཞའོ་དང་མགྲོན་པོ་བཀྲ་ཤིས། ཐིན་ཅ་ཚེ། ཀྲང་ཞི་མེན། ཝང་ཡུས་པོ། ཡན་ཅན་ཧེ། ཡུས་ཚུང་ལི། མ་ཅི་ཞའོ། དབྱིན་པའེ་བཅས་རང་ཞིང་གི་ཏང་ཕྱིའི་མི་སྣ་དང་ཆེད་མཁས་པ་སྐོར་ཞིག་ལ་ལྟ་རུ་སོང་སྟེ་ཁོ་ཚོར་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་དང་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུས། ས་ཆ་གཞན་ལ་གཞུང་དོན་སྒྲུབ་ཏུ་སོང་བའི་ཝང་ཡུས་ཡན་གྱིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འགན་འཁུར་བློ་མཐུན་ལ་མངག་བཅོལ་བྱས་ཏེ་ཏང་ཕྱིའི་མི་སྣ་དང་ཆེད་མཁས་པ་སྐོར་ཞིག་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་སོ་སོར་དམངས་གཙོ་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པ། ཆོས་ལུགས་ལས་རིགས། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ་སྐོར་ཞིག་ལ་འཚམས་འདྲི་ཞུས། འཚམས་འདྲི་བྱེད་སྐབས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱིས་ཁོ་ཚོ་དང་གླེང་མོལ་བྱས་པ་དང་ཁོ་ཚོས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཉིས་སྟོང་བཅོ་བརྒྱད་ལོར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་ནན་མོ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་གང་ལེགས་བྱས་པ་དང་རང་འགུལ་སྒོས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་དང་མཐུན་པར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱས་པ་དང་བརྟན་འཇགས་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་ཞིང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་ལས་ཇེ་ཆེར་སོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ལ། རྒྱུན་མཐུད་སྒོས་དམངས་ཚིས་ལེགས་བཅོས་ཆེན་པོ་བྱུང་། གྲུབ་འབྲས་དེ་དག་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་སེམས་ཤུགས་གཅིག་སྒྲིལ་བྱས་པའི་འབྲས་བུ་ཡིན་པ་དང་ཏང་ཕྱིའི་མི་སྣ་དང་ཆེད་མཁས་པ་དང་ཤེས་ཡོན་ཅན་རྣམས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པའི་འབྲས་བུ་ཡང་ཡིན་ཞེས་བསྟན།

ཏང་ཕྱིའི་མི་སྣ་དང་ཆེད་མཁས་པའི་འཐུས་མི་ཡིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཁོ་ཚོར་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུས། ཚང་མས་བཤད་རྒྱུར། ཁོ་ཚོས་མུ་མཐུད་དུ་སྲིད་ཞུགས་སྲིད་གླེང་དང་བློ་འདོན་ཇུས་འབུལ་བྱེད་པ་དང་བློ་གྲོས་དང་སྟོབས་ཤུགས་གང་ཡོད་འདོན་པར་མ་ཟད། རང་རང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་དཀྱིལ་སྙིང་བྱ་བར་དམིགས་ཏེ་བློ་འདོན་ནུས་འབུལ་བྱས་ནས། དུས་རབས་གསར་བའི་མཚོ་སྔོན་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།