མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ།

binary_middle.jpg

ཟླ་དང་པོའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱུང་ནས་རྒྱལ་ཁའི་ངང་གྲོལ།

ཚོགས་ཆེན་སྟེང་ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོས་ལྔ་བཞིའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཧུར་ཐག་གིས་དོན་འཁྱོ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་དགོས་པ་དང་། མཚོ་སྔོན་གསར་པའི་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་ཐོབ་པ་དང་རྣམ་པ་གསར་པ་མངོན་པ། འཕེལ་རྒྱས་གསར་པ་འབྱུང་བ་བཅས་བྱེད་དགོས་པའི་འབོད་སྐུལ་བཏང་།

གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་གོ་གཅིག་ཡོད་པ་དང་། འཐུས་མི་སུམ་བརྒྱ་དང་གྱ་ལྔ་ཚོགས་ཐོག་ཏུ་འབྱོར་བས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཅན་ཅུན་དང་ཀྲང་ཀོང་རུང་། མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ལིག་ཐུང་ཏི། ཅ་དབྱིན་ཀྲུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ལིག་ཉིང་དང་རྡོ་རྗེ་རབ་བརྟན། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མེན། ཝང་ཡུས་པོ། ཡན་ཅིན་ཧེ། ཡུས་ཚུང་ལི། མཱ་ཅི་ཞའོ། ཆུས་ཞིན་ཡུང་། དབྱིན་པའེ་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

ཀྲང་ཀོང་རུང་གིས་ཚོགས་ཆེན་གྲོལ་བའི་མཛད་སྒོར་འགོ་འཛིན་བྱས།

གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ་ཞིང་ཆེན་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གྱི་གདམ་མིའི་མིང་ཐོ་ལ་གྲོས་འཆམ་བྱུང་བ་དང་། བརྡས་ཐག་བཅད་དེ་འདེམ་ཤོག་སྤྱིའི་ལྟ་སྐུལ་བ་དང་འདེམ་ཤོག་ལྟ་སྐུལ་བའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་། མིན་ཡུང་ཧྲན་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་་བདམས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བསྐོ་འཇོག་ཆོག་མཆན་འགོད་པར་སྤྲད། ཝང་ཀྲི་མེན་དང་ཙོ་ཡུས་ལིན། ལིས་ཀྲུང་གོ། དབྱང་དབྱི། ཞའོ་ཡུས་ཧེ། ཅ་ཞའོ་དབྱི། ཀའོ་ཡུས་ཧྥིན་བཅས་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས། ཚོགས་འདུར་ཞུགས་པའི་མི་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ཐལ་མོ་བརྡེབས་ནས་བདམས་ཐོན་བྱུང་བའི་བློ་མཐུན་རྣམས་ལ་རྟེན་འབྲེལ་ཞུས།

གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ་སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་ལ་གྲོས་འཆམ་བྱུང་། ཉིས་སྟོང་བཅོ་བརྒྱད་ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་དགུ་ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཏམ་བཤད་གནང་སྐབས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་བཅས་ཀྱི་ཚབ་བྱས་ཏེ། གྲོས་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཐེངས་འདིའི་ཚོགས་ཆེན་བསྡུས་པ་གཟབ་རྒྱས་ཆེ་ཞིང་གཟབ་ནན་ཡིན་ལ་གོ་རིམ་ལྡན་པར་མ་ཟད། དར་ཆ་མཐོ་སྒྲེང་དང་ཡར་བརྩོན་ལྷོད་མེད་ཀྱི་ཚོགས་ཆེན་ཞིག་ཡིན་པ་དང་། མཐུན་སྒྲིལ་དམངས་གཙོ་དང་སྤྱོད་གཙང་སྲོལ་བཟང་གི་ཚོགས་ཆེན་ཞིག་ཡིན་ལ། སེམས་ཤུགས་གཅིག་སྒྲིལ་དང་སྔར་འཛིན་ཕྱི་གཏོད་ཀྱི་ཚོགས་ཆེན་ཞིག་རེད་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཁྲིམས་འཛུགས་དང་ལྟ་སྐུལ། ཐག་གཅོད། བསྐོ་འཐེན། འཐུས་ཚབ་བཅས་ཀྱི་བྱ་བ་དང་རང་སྟེང་གི་འཛུགས་སྐྲུན་གཅིག་གྱུར་གྱིས་སྤེལ་ནས། དུས་རབས་གསར་པའི་རང་ཞིང་གི་དམངས་ཆེན་བྱ་བའི་རྣམ་པ་གསར་པ་བཏོད་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་འཐུས་མིས་མང་ཚོགས་ཀྱི་རེ་སྒུག་དེ་འགན་སྒྲུབ་ཀྱི་ཁ་ཕྱོགས་སུ་བརྩིས་ནས། མི་དམངས་ཀྱི་ཆེད་དུ་སྐད་ཆ་བཤད་པ་དང་། མི་དམངས་ཀྱི་ཆེད་དུ་དབང་ཆ་བཀོལ་ལ། མི་དམངས་ཀྱི་ཆེད་དུ་ལས་འགན་བསྒྲུབས་པ་དང་། མི་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས་དམངས་ཆེན་བྱ་བའི་འགོ་ཁྲིད་ལ་བསྣན་ནས། རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་ཀྱི་རྒྱལ་ཁབ་དབང་ཤུགས་ལས་ཁུངས་ཀྱི་ནུས་པ་ལེགས་པོར་འདོན་པར་རྒྱབ་སྐྱོར་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་རང་རྟོགས་ཀྱིས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་དང་ལེན་བྱས་ཏེ། ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་ལྟར་ལྟ་ཞིབ། ཁྲིམས་ལྟར་ཁྲིམས་འཛིན་བཅས་བྱས་ནས། དམངས་ཆེན་གྱི་གྲོས་ཆོད་ཆོད་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་ཁག་ཐེག་བྱས་ཡོད་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ཏེ་ལོ་ངོ་བདུན་ཅུ་འཁོར་བའི་ལོ་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་གི་ལོ་ཡིན། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འབོད་སྒྲ་མཐོ་སྒང་ཡོངས་སུ་ཁྱབ་པ་དང་། འབྱོར་འབྲིང་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་འབོད་སྐུལ་གྱིས་བརྩོན་སེམས་ཆེ་རུ་བསྐྱེད་བཞིན་ཡོད་པས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། མཚོ་སྔོན་གསར་པའི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་དགོས། ངེས་པར་དུ་དར་ཆ་མཐོན་པོར་བསྒྲེང་དགོས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བ། སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ། མ་འོངས་གསར་སྤེལ་བྱེད་པ། མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་གོང་སྤེལ་བྱེད་པ། མཚོ་སྔོན་དར་རྒྱས་སུ་གཏོང་བ་བཅས་བྱེད་དགོས། ངེས་པར་དུ་ངེས་ཤུགས་སྲུང་འཛིན་བྱེད་དགོས་ཏེ། ལོ་བརྒྱ་ལ་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མདུན་ནས། གོ་རྟོགས་སྔར་ལས་མཐོ་བ་དང་མིག་རྒྱང་སྔར་ལས་རིང་བ། གོམ་ཁ་སྔར་ལས་བརྟན་པ། བབ་བསྟུན་སྒྱུར་བཅོས་དང་བབ་བསྟུན་དོན་སྒྲུབ་བཅས་བྱས་ནས། མཚོ་སྔོན་གསར་པའི་འཛུགས་སྐྲུན་ཡུན་རིང་དུ་མི་ལྷོད་པར་ཁག་ཐེག་བྱེད་དགོས། ངེས་པར་དུ་དངོས་འཛིན་བདེན་སྒྲུབ་བྱེད་དགོས་ཏེ། དོན་དག་ཆེན་པོར་ཇུས་འགོད་བཟང་པོ་བྱེད་པ་དང་། དོན་དག་གཙོ་བོ་དམ་འཛིན་བཟང་པོ་བྱེད་པ། དོན་དག་དངོས་མ་བཟང་པོར་བསྒྲུབ་པ། དོན་དག་རེ་རེ་བཞིན་དུ་བསྒྲུབ་པ། དོན་དག་རེ་རེ་འགྲུབ་པར་བྱེད་པ་བཅས་བྱས་ཏེ། ཚོགས་ཆེན་གཉིས་ཀྱི་དམིགས་འབེན་དང་ས་འགན་མངོན་འགྱུར་བྱེད་པར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ངེས་པར་དུ་འཐབ་རྩོད་བྱེད་ཕོད་དགོས་ཏེ། འཐབ་རྩོད་ཀྱི་སྙིང་སྟོབས་སྲུང་འཛིན་བྱེད་པ་དང་། འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་གཏོང་བ། འཐབ་རྩོད་ཀྱི་སྦྱོར་བརྡར་ལ་ཤུགས་སྣོན་པ། དཀའ་ངལ་ཇི་ལྟར་ཆེ་ན་དེ་ལྟར་མདུན་དུ་སྐྱོད་པ། འགྲན་རྩོད་ཅི་ཙམ་ཡོད་པ་དེ་ཙམ་ཁུར་དུ་ལེན་པ་བཅས་བྱས་ཏེ། སྤྲོ་སེམས་ཆེན་པོས་དོན་སྒྲུབ་ལས་སྤེལ་བྱེད་དགོས། ངེས་པར་དུ་མཉམ་དུ་འབད་འཐབ་བྱེད་དགོས་ཏེ། རིམ་པ་སོ་སོའི་འགོ་ཁྲིད་ཀྱིས་འགོ་ཁྲིད་ཀྱི་འགན་ཁུར་དང་བྱ་བའི་འགན་ཁུར་ཕྲག་ཏུ་ལེན་དགོས་པ་དང་། ཏང་ཡོན་ལས་བྱེད་པས་གདོང་མཆོང་དཔེ་སྟོན་ནུས་པ་འདོན་དགོས་ལ། རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རིག་སྟོབས་འབུལ་དགོས་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ལས་ལ་བརྩོན་པའི་ལག་ཟུང་གིས་མཛེས་པའི་འཚོ་བ་གསར་སྐྲུན་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ས་ཡ་དྲུག་གི་ཐུན་མོང་གི་བྱ་གཞག་ཡིན་པས། མཚོ་སྔོན་པ་ཡོད་ཚད་ཀྱིས་མཚོ་སྔོན་ལ་དགའ་ཞེན་བཅངས་པ་དང་། མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པ་བཅས་བྱས་ཏེ། དུས་རབས་གསར་པར་འབད་པས་སྐྱོད་པ་དང་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འཚོལ་སྙེག་པ་བྱེད་ཕོད་དགོས་ཟེར།

ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད་པའི་འགོ་ཁྲིད་ལ་ད་དུང་ཁོང་ཡུང་དང་ཧན་ཅན་ཧྭ། ཝང་ལིས་མེན། དབྱང་ཧྥིན་ཁྲུན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཝང་ཞའོ་ཡུང་། རིན་ཆེན་རྣམ་རྒྱལ། ཏུའུ་ཅེ། ཀྲང་ཝུན་ཁུའེ། མཱ་ཧེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། ངག་དབང་བསོད་ནམས། ཧོང་ཁྲའོ་ཧོས། ཁྲིན་མེན་གོ། མིན་ཡུང་ཧྲན། ལིས་ཙེ་ཡོན་སོགས་ཡོད།

མུའུ་ཏུང་ཧྲིན་དང་སུའུ་ཉིང་གཉིས་གདན་དྲངས་པ་ལྟར་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་གྲོལ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།