མཚོ་སྔོན་གྱིས་ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཕྱིར་ལྡོག་གནད་དོན་དག་ཐེར་བཅོས་སྐྱོང་གི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་གྱིས་ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཕྱིར་ལྡོག་གནད་དོན་དག་ཐེར་བཅོས་སྐྱོང་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དབུལ་སྐྱོར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་དབྱང་གི་སྐོར་ཞིབ་ཕྱིར་ལྡོག་གནད་དོན་ལ་དག་ཐེར་དང་བཅོས་སྐྱོང་བྱེད་པར་སྣེ་ཁྲིད་དེ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དག་ཐེར་བཅོས་སྐྱོང་དམ་འཛིན་བྱེད་པའི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་ཞིང་ཏན་ཏན་ཏིག་ཏིག་སྒོས་དག་ཐེར་བཅོས་སྐྱོང་ཕན་འབྲས་ཇེ་མཐོར་བཏང་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་ཞིབ་ཡར་ཞུ་ལ་ཉན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་ནན་མོ་བྱེད་པ་དང་། ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གནང་བའི་གཏམ་བཤད་ཀྱི་རེ་བ་ལྟར། དེང་སྐབས་ཀྱི་གནས་བབ་ལ་རྐང་འཛུགས་པ་དང་རྒྱང་རིང་ལ་དམིགས་ཏེ། སེམས་ཞིབ་མོ་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་གཟབ་ནན་དང་ཞིབ་ཕྲ་ཡིན་པའི་དག་ཐེར་བཅོས་སྐྱོང་རེ་བ་དངོས་འབེབས་བཟང་བོ་བྱེད་དགོས། བསམ་བློའི་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱས་ཏེ་རང་འགུལ་སྒོས་གནད་དོན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་བྱ་བའི་རྩིས་ཐོ་ལས་པ། དུས་མཚམས་ཀྱི་རེ་བ་གསལ་བོ་བྱེད་པ། རིམ་པ་བཞིན་འགན་འཁྲི་བགོ་བ། ལྟ་རྟོག་ཞིབ་བཤེར་ལ་ཤུགས་བསྣན་ནས་རྦད་ཆོད་སྒོས་དག་ཐེར་བཅོས་སྐྱོང་མཐའ་འཁྱོལ་བར་བྱེད་དགོས་པར་མ་ཟད་ཐེངས་འདིའི་ཆེད་དོན་སྐོར་ཞིབ་གནད་དོན་དག་ཐེར་བཅོས་སྐྱོང་གོ་སྐབས་སུ་བཟུང་སྟེ་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་ཐོབ་པའི་ཕན་འབྲས་སྲ་བརྟན་དུ་བཏང་ནས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཐད་ནས་རྒྱལ་ཁ་ཆེན་པོ་ལེན་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅ་ཚེ་ཡིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་ལས་ཁུངས་ཀྱིས་སྐོར་ཞིབ་དག་ཐེར་བཅོས་སྐྱོང་དང་ལྟ་རྟོག་སྐོར་ཞིབ་དག་ཐེར་བཅོས་སྐྱོང་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་བཀོད་སྒྲིག་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཕྱིར་ལྡོག་གནད་དོན་གཙོ་བོ་ཁྱབ་སྒྲོག་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།