མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། གྲོས་ཚོགས་སུ་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་གོ་གཅིག་ཡོད་པ་དང་། འཐུས་མི་སུམ་བརྒྱ་དང་གྱ་གཅིག་ཚོགས་ཐོག་ཏུ་འབྱོར་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མཱ་ཝེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ལག་བསྟར་ཀྲུའུ་ཞི་ཝང་ཞའོ་དང་མཱ་ཝེ། ཀྲང་ཝུན་ཁོས། ངག་དབང་བསོད་ནམས། ཝང་ཀྲིན་ཁྲང་། ཝུན་གོ་ཏུང་། ཝུའུ་ཏི་ཅུན། ཝུའུ་ཡུས་ཀྲང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ལིག་ཉིང་དང་རྡོ་རྗེ་རབ་བརྟན། ཐིན་ཅ་ཚའེ། ཀྲང་ཞི་མེན། ཝང་ཡུས་པོ། ཡན་ཅིན་ཧེ། ཡུས་ཚུང་ལི། མཱ་ཅི་ཞའོ། ཆུས་ཞིན་ཡུང་། དབྱིན་པའེ་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

གྲོས་ཚོགས་སྟེང་སྔ་གཞུག་ཏུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་གིས་ཕུལ་བའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མེན་གོ་ཡིས་ཕུལ་བའི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཚབ་མ་མིན་ཡུང་ཧྲན་གྱིས་ཕུལ་བའི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཉན།

གྲོས་ཚོགས་སྟེང་ད་དུང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་སྣོན་འཛུགས་དང་ལེགས་སྒྲིག་བྱེད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་ལ་བརྡས་ཐག་བཅད་པ་དང་། ཚོགས་ཆེན་གྱི་འདེམ་བསྐོ་བྱེད་ཐབས་འཆར་ཟིན་ལ་བརྡས་ཐག་བཅད་པར་མ་ཟད། ཞིང་ཆེན་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གྱི་གདམ་མི་ལ་གྲོས་འཆམ་འབྱུང་ཐབས་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།