མཚོ་སྔོན་ཞིང་ཆེན་གྱིས་ཞིང་ལས་ཐོན་རྫས་སྣ་ཁ་གསར་པ་ཁྱབ་གདལ་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་གྱི་ས་བོན་ཁོངས་གཏོགས་ཀྱིས་སོན་བཟང་སྐྱེ་འཕེལ་དང་སོན་བཟང་ལག་རྩལ་ཁྱབ་གདལ་གཏོང་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གནད་སྨིན་གྱི་ཐབས་ཇུས་ལག་ལེན་བསྟར་བ་དང་། ས་ཁུལ་དབུལ་པོའི་ཞིང་ལས་ལོ་ཏོག་འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་ཤུགས་སྣོན་རྒྱག་པ། ལག་རྩལ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་མང་ཚོགས་དབུལ་པོར་ཞིང་ལས་ལོ་ཏོག་གི་སོན་བཟང་སྣ་ཁ་ཁྱབ་གདལ་བཏང་ནས་འདེབས་འཛུགས་བྱས་པས། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཡག་པོ་བྱུང་ཡོད་པ་རེད།

2018ལོར་མཚོ་སྔོན་ཞིང་ཆེན་གྱིས་གནད་སྨིན་དབུལ་སྐྱོར་དང་དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་ཏེ་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ས་བོན་དོ་དམ་སྡེ་ཚན་དང་། ས་བོན་ཁེ་ལས། ཚན་རིག་ཞིབ་འཇུག་ཁང་བཅས་ཀྱི་ལས་ཀའི་སྤྱོད་ཚུལ་བསྒྱུར་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་རིགས་དབྱེ་མཛུབ་ཁྲིད་མཐའ་འཁྱོངས་ཀྱིས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་དབུལ་པོའི་སྣོད་བཅུད་རིགས་དབྱེ་ཁུལ་མི་འདྲ་བའི་རང་བྱུང་ཆ་རྐྱེན་དང་། ས་རྒྱུའི་རིགས་དབྱེ། འདེབས་འཛུགས་ཆུ་ཚད་བཅས་ལ་གཞིགས་ཏེ་ས་ཁུལ་དབུལ་པོར་འདེབས་འཛུགས་བྱ་རྒྱུར་འཚམ་པའི་ཞིང་ལས་ལོ་ཏོག་གི་སྣ་ཁ་གསར་པ་དང་། འདེབས་གསོའི་ལག་རྩལ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གཏན་འཁེལ་བྱས་པ་དང་སྦྲགས། དྲིལ་བསྒྲགས་བློ་འདྲི་དང་སྣ་ཁ་གསར་པ་ངོ་སྤྲོད་བརྒྱུད་ལེ་ལག་ཚང་བའི་འདེབས་གསོའི་ལག་རྩལ་གསོ་སྦྱོང་བྱས་ཤིང་། ཐོག་ས་བོན་གཅིག་གྱུར་ཐོག་མཁོ་འདོན་བྱས་པས། ཞིང་ལས་འཕྲུལ་ཆས་དང་ལག་རྩལ་ཟུང་འབྲེལ་ཐུབ་པ་དང་། སོན་བཟང་དང་ཐབས་བཟང་ལེ་ལག་ཚང་འགྲིག་བྱུང་བ་རེད།

བསྡོམས་རྩིས་རགས་ཙམ་ལ་གཞིགས་ན། 2018ལོའི་དཔྱིད་རྨོད་རིང་ཞིང་ཆེན་ཡོངས་ཀྱི་ས་བོན་ཁོངས་གཏོགས་ཀྱིས་ས་བོན་གཤམ་འོག་ཏུ་སྐྱེལ་བ་དང་། ས་བོན་ཁ་ཆད་མཁོ་སྤྲོད་བྱེད་པ། ས་བོན་མཁོ་སྤྲོད་ཀྱི་དུས་ཚོད་རིང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཞིང་ཆེན་ཡོངས་ཀྱི་ཀྲོའུ་དང་རྫོང་23ཡི་གྲོང་ཚོ་དབུལ་པོ་618ལ་རིགས་ཁག་གི་ཞིང་ལས་ལོ་ཏོག་གི་སོན་བཟང་རྒྱ་མ་ཁྲི་531.77གཅིག་གྱུར་ཐོག་མཁོ་འདོན་བྱས་པའི་ནང་། གྲོའི་སོན་བཟང་རྒྱ་མ་ཁྲི་277.11དང་ནས་ཀྱི་སོན་བཟང་རྒྱ་མ་ཁྲི་43.97ཡོད་པ་རེད།

གོང་གསལ་གྱི་བྱ་ཐབས་བརྒྱུད། ཞིང་ལས་ལོ་ཏོག་གི་སྤུས་ལེགས་སྣ་ཁའི་ཐོན་འཕར་གྱི་ནུས་པ་གང་ལེགས་མངོན་ཏེ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་དབུལ་པོར་ཁྱབ་གདལ་བཏང་ནས་འདེབས་འཛུགས་བྱས་པའི་ཞིང་ལས་ལོ་ཏོག་གི་ཐོན་འབོར་གོང་མཐོར་ཆེན་པོ་སོང་ནས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་3182.86གསར་འཕར་བྱུང་ཞིང་། ས་ཁུལ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུར་འདེབས་འཛུགས་ལས་རིགས་ཀྱིས་ལེགས་སྐྱེས་ཕུལ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།