མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་ཉེར་གསུམ་ཉིན།   ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།  གྲོས་ཚོགས་སྟེང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་བྱ་བའི་ཐད་བཏོན་པའི་བླང་བྱ་བརྒྱུད་བསྒྲགས་བྱས་པ་དང་།   ཉིས་སྟོང་བཅོ་བརྒྱད་ལོའི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་བྱ་བར་ཁྱོན་ཡོངས་ནས་སྤྱི་བསྡོམས་བྱས་པར་མ་ཟད།   མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་།  ཉིས་སྟོང་བཅུ་དགུ་ལོའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས།    ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་བསྟན་དོན།  འདས་པའི་ལོ་གཅིག་གི་རིང་།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་པ་དང་།   མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་ནན་མོ་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སོ་སོ་གཟབ་ནན་གྱིས་ལག་ལེན་མཐར་ཕྱིན་བྱས་པ་དང་།   ལས་ཞུགས་གཏན་འཇགས་སུ་བཏང་སྟེ་ཡོང་འབབ་འཕར་སྣོན་བྱེད་པ་དང་།  རྩལ་ནུས་གསོ་སྦྱོང་སྤེལ་ནས་སྤུས་ཚད་ཇེ་དྲག་ཏུ་གཏོང་བ།   སྤྱི་ཚོགས་འགན་སྲུང་གིས་འཚོ་བར་འགན་སྲུང་བྱེད་པ། འཇོན་མི་ལས་དོན་གྱིས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ།  ངལ་རྩོལ་འབྲེལ་བས་འཆམ་མཐུན་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས།   ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་བདེ་ཐང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དང་།   སྤྱི་ཚོགས་སྤྱི་ཡོངས་འཆམ་མཐུན་བརྟན་འཇགས་ཡོང་བར་བྱེད་ནུས་བཟང་བོ་འདོན་སྤེལ་བྱས་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་འགན་འཁྲི་ཡིད་ལ་དམ་པོར་ཉར་ནས།  ཐོག་མཐའ་བར་གསུམ་ཀུན་ཏུ་མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་།   མི་དམངས་ཀྱི་ཉིན་རེར་འཕར་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐོང་རྒྱུ་དེ་ཆབ་སྲིད་ལས་འགན་དུ་བརྩིས་ཏེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སོ་སོ་ལག་ལེན་མཐར་ཕྱིན་བྱེད་པ་དང་།   མི་ཤུགས་ཐོན་ཁུངས་བཀོད་སྒྲིག་དང་དམངས་ཚིས་ཚད་མཐའ་དམ་སྲུང་བྱེད་པ།   སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་བྱེད་པ་བཅས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དགོས་པར་མ་ཟད།   དམར་མཚམས་འདུ་ཤེས་དང་ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱས་ནས་ལས་ཞུགས་གནས་བབ་བརྟན་འཇགས་ལ་འགན་སྲུང་བྱེད་དགོས།   སྤྱི་ཚོགས་འགན་སྲུང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་མི་དམངས་མང་ཚོགས་ཀྱི་འཚོ་བར་འགན་སྲུང་བྱེད་དགོས།   འཇོན་མི་བྱ་བར་ཤུགས་བསྣན་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་མི་འདང་སར་ཁ་གསབ་བྱེད་དགོས།   ཏང་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་བློ་དཀར་གཞུང་དྲང་དང་འགན་འཁྲི་ཁག་ཁུར་བྱེད་ཕོད་པའི་སྤུས་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་རྨང་གཞི་སྲ་བརྟན་དུ་གཏོང་བར་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།