མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ཐོན་འབོར་རྒྱལ་ཡོངས་ཀྱི་རྩེ་གྲར་སོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་རྒྱལ་ཁབ་སྡོམ་རྩིས་ཅུའུ་མཚོ་སྔོན་རྟོག་ཞིབ་སྤྱི་ཁྱབ་རུ་ཁག་ནས་ཤེས་གསལ་ལྟར་ན། རྟོག་ཞིབ་ཏུ་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ཐོན་འབོར་བོད་ལྗོངས་དང་། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ལས་བརྒལ་ཏེ་རྒྱལ་ཡོངས་ཀྱི་རྩེ་གྲར་སོན་ཡོད་པ་དང་། དེའི་ཐོག་ནས་དཔལ་འབྱོར་གྱི་མི་མངོན་རིན་ཐང་ག་འདྲ་ལྡན་པ་ཡང་ཤུགས་ནས་རྟོགས་ཡོང་ཞེས་བཀོད་ཡོད་པ་རེད། དབྱར་རྩྭ་དགུན་འབུ་ནི་གཙོ་བོ་ས་བབ་སྨི4000ཡན་གྱི་གྲང་ལྷགས་ཆེ་སར་ཡོད་པ་ཞིག་ཡིན་མོད་ཀྱང་། ཏག་ཏག་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ཐོན་འབོར་དེ་ཀྲུང་གོའི་སྤྱིའི་ཐོན་འབོར་གྱི60%ཟིན་པ་དང་། དེའི་ཐོན་སྐྱེད་ཁུལ་གཙོ་བོ་མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་མངའ་ཁོངས་རེད།

ངོ་སྤྲོད་ལྟར་ན། རྟོག་ཞིབ་དང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་ཁག་གི་ཁྱིམ་མིའི་ཟུར་འཐེན་གྱི་གཞི་གྲངས་གཉིས་གཞིར་བཟུང་ནས་རྩིས་འདེད་བྱས་ན། 2016ལོ་ནས2018ལོའི་བར་དུ་མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུའི་ཐོན་འབོར་དེ་ཧ་ལམ་ཏུན36.3དང་། ཏུན43.5། ཏུན41.2རེད། ས་ཁུལ་དབྱེ་ན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ནི་ཞིང་ཆེན་ཡོངས་ཀྱི་དབྱར་རྩྭ་དགུན་འབུ་ཐོན་ས་གཙོ་བོ་རེད། དེའི་ནང་ཡུལ་ཤུལ་གྱི་ཐོན་འབོར་ས་ཁུལ་གཞན་དག་ལས་མང་ཞིང་། ཞིང་ཆེན་ཡོངས་ཀྱི་དབྱར་རྩྭ་དགུན་འབུའི་ཐོན་འབོར་གྱི53%ཉེ་བ་ཟིན་ནས་ཞིང་ཆེན་ཧྲིལ་པོ་ནས་དབྱར་རྩྭ་དགུན་འབུ་ཐོན་འབོར་གྱི་དང་པོར་གྱུར་ཡོད་པ་རེད།

སྡོམ་རྩིས་རྟོག་ཞིབ་ལས་བྱུང་བའི2018ལོའི་ཐོན་འབོར་གྱི་གཞི་གྲངས་གཞིར་བཟུང་། ད་སྔའི་དབྱར་རྩྭ་དགུན་འབུའི་ཁྲོམ་རའི་རིན་གོང་ལ་སྦྱར་ནས་ཆ་སྙོམས་ཐོག་རྩིས་ཤིག་བརྒྱབ་ན། ཉུང་མཐའ་ཡང2018ལོར་དབྱར་རྩྭ་དགུན་འབུའི་དཔལ་འབྱོར་རིན་ཐང་དེ་སྒོར་དུང་ཕྱུར27ལས་བརྒལ་ཡོད་པ་རེད། དབྱར་རྩྭ་དགུན་འབུ་བརྐོ་བ་དེས་ལས་བཟོ་པར་དཔལ་འབྱོར་གྱི་ཁེ་ཕན་ཡག་པོ་རེ་རག་ཐུབ་ཀྱི་ཡོད་པ་མ་ཟད། དབྱར་རྩྭ་ཡོད་སའི་ས་ཁུལ་གྱི་མང་ཚོགས་ལ་ཡང་ཡོང་སྒོ་རེ་རག་ཐུབ་ཀྱི་ཡོད་པས་ཡུལ་དེའི་རོང་འབྲོག་པའི་ཡོང་འབབ་ཀྱི་ཡོང་ཁོངས་གཙོ་བོར་གྱུར་ཡོད་པ་རེད།

གཞན་ཡང་སྐྱེ་དངོས་རིག་པ་དང་སྨན་དཔྱད་རིག་པའི་ཞིབ་འཇུག་ལྟར་ན། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ནང་ཨན་ཅི་སྐྱུར་དང་། ཚད་ཉུང་རྒྱུ་འདུས་ཚད་ཧ་ཅང་ཕུན་སུམ་ཚོགས་པ་མ་ཟད། རྒྱུ་སྤུས་ཀྱི་ཆ་ནས་རྒྱལ་ཡོངས་ཀྱི་དབྱར་རྩྭ་ཐོན་ཁུལ་ཆེ་ཤོས་འགའ་དང་བསྡུར་ན་ཡང་སྤུས་ལེགས་ལ་མཆོག་ཏུ་གྱུར་བའི་དགེ་མཚན་ལྡན་པས། མཚོ་སྔོན་གྱི་དབྱར་རྩྭའི་ཚོང་རྟགས་གྲགས་ཅན་བཏོད་པ་དང་། བཟོ་སྣོན་ལ་སྐུལ་འདེད། ཐོན་ལས་ལེགས་སྒྱུར་རིམ་སྤར་ལ་སྐུལ་སྤེལ་བཅས་བྱེད་པར་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད་པ་རེད།

རྒྱལ་ཁབ་སྡོམ་རྩིས་ཅུའུ་མཚོ་སྔོན་རྟོག་ཞིབ་སྤྱི་ཁྱབ་རུ་ཁག་གིས། ཉེ་བའི་ལོ་འདི་དག་ལ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་ཁུལ་ཁག་དང་ས་གནས་ཁག་གི་སྲིད་གཞུང་གིས་སྔ་གཞུག་ཏུ་འབྲེལ་ཡོད་ཀྱི་སྲིད་ཇུས་དང་། ཁྲིམས་སྲོལ། དོ་དམ་བྱེད་ཐབས་སོགས་རབ་དང་རིམ་པ་བཏོན་ཏེ། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཀྱི་དོ་དམ་དང་སྲུང་སྐྱོབ་ལ་ཤུགས་བསྣན་པ་དང་། ཞིང་འབྲོག་པས་གོ་རིམ་དང་ལྡན་ཞིང་ལུགས་མཐུན་གྱིས་རྐོ་འཐུ་བྱེད་པར་འཁྲིད་སྟོན་ཡག་པོ་བྱས་ནས་རིམ་བཞིན་དུ་འཁོར་སྐྱོད་བཟང་པོའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ཡོད་མོད། ད་སྔའི་གནད་དོན་ལ་བལྟས་ཡོང་ན། རིམ་ཁག་སྲིད་གཞུང་གིས་མུ་མཐུད་ནས་སྲུང་སྐྱོང་དང་ཚན་རིག་དང་མཐུན་པས་འཁྲིད་སྟོན་བྱས་ཏེ། དབྱར་རྩྭ་བརྐོ་འཐུའི་བདག་དབང་གསལ་འབེབས་ཐོག ལྐོག་འཐུ་ལ་སོགས་པའི་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་། རྩྭ་ཐང་གི་ལྟ་སྐུལ་ཚོད་འཛིན་གྱི་ལམ་ལུགས་འཐུས་ཚང་བཙུགས་ཏེ་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་ལམ་ལུགས་ཆ་ཚང་དུ་བཏང་བ་དང་། དབྱར་རྩྭ་དགུན་འབུའི་སྔོན་ཟོན་རྐྱེན་སྲོལ་ལམ་ལུགས་རིམ་གྱིས་བཟོས་ནས་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གྱི་རྩྭ་ས་ཞན་འགྱུར་དང་། སྣོད་བཅུད་ཁོར་ཡུག་ངན་འགྱུར་ལ་སྔོན་འགོག་བྱས་པས། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་བེད་སྤྱོད་དེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་ཁར་དྲངས་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།