མཚོ་སྔོན་གྱིས《མཚོ་སྔོན་གྱི་གཉེན་སྒྲིག་ཐོ་འགོད་བྱ་བའི་ཚད་ལྡན་སྒྲིག་སྲོལ》ལག་བསྟར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། མཚོ་སྔོན་གྱིས《མཚོ་སྔོན་གྱི་གཉེན་སྒྲིག་ཐོ་འགོད་བྱ་བའི་ཚད་ལྡན་སྒྲིག་སྲོལ》ལག་བསྟར་བྱས་ཏེ། གཏན་འབེབས་ལས་གཉེན་སྒྲིག་ཐོ་འགོད་སྐབས་སུ་གཉེན་སྒྲིག་འདྲ་པར་དང་སྒྱུ་རྩལ་འདྲ་པར། PSལས་བཟོ་བཅོས་བྱས་པ་དང་སྡེབ་སྒྲིག་བྱས་པའི་འདྲ་པར་སོགས་སྤྱད་མི་ཆོག་པ་རེད།

ཟླ་དང་པོའི་ཚེས་གསུམ་ཉིན། གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། གཉེན་སྒྲིག་ཐོ་འགོད་བྱ་བ་སྔར་ལས་ཚད་ལྡན་དང་གཉེན་སྒྲིག་ཐོ་འགོད་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ལས་སྒྲུབ་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་ཆེད། ཞིང་ཆེན་དམངས་སྲིད་ཐིན་གྱིས《མཚོ་སྔོན་གྱི་གཉེན་སྒྲིག་ཐོ་འགོད་བྱ་བའི་ཚད་ལྡན་སྒྲིག་སྲོལ》(གཤམ་ནས་སྒྲིག་སྲོལ་ཞེས་བསྡུ་རྒྱུ)བཏོན་ཏེ། རིམ་པ་སོ་སོའི་གཉེན་སྒྲིག་ཐོ་འགོད་ཁང་དང་གཉེན་སྒྲིག་ཐོ་འགོད་མི་སྣའི་འགན་འཁྲི་གཙོ་བོ། གཉེན་སྒྲིག་ཐོ་འགོད་བསྒྲུབ་པའི་ཞིབ་ཕྲའི་ཆ་རྐྱེན། དངོས་ངེས་ཀྱི་སྒྲིག་ཆས་ཚད་ལྡན་དང་གཉེན་སྒྲིག་ཐོ་འགོད་ཀྱི་འབྲེལ་ཡོད་སྒྲིག་རིམ་སོགས་ལ་ཞིབ་ཕྲའི་གཏན་འབེབས་བྱས་ཡོད་ལ། ལྷག་པར་དུ་དམག་མི་དང་ཁྲིམས་ཆད་གཅོད་མྱོང་པའི་མི་སྣའི་གཉེན་སྒྲིག་ཐོ་འགོད་ཀྱི་དམིགས་བསལ་ཆ་རྐྱེན་གསལ་པོར་བསྟན་ཡོད་པ་རེད། གཏན་འབེབས་དེ2019ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱས་ཏེ། ནུས་ཐོན་དུས་ཡུན2023ལོའི་ཟླ12པའི་ཚེས31ཉིན་བར་དུ་རེད། 《སྒྲིག་སྲོལ》ལས་བསྟན་དོན། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་རིན་མེད་སྒོས་གཉེན་སྒྲིག་མི་སྣར་དཔང་ཡིག་སྟེར་པའི་ཞབས་ཞུ་བསྒྲུབས་ཏེ། གཉེན་སྒྲིག་མཁན་དེ་གཉེན་སྒྲིག་དཔང་ཡིག་སྟེར་པའི་མཛད་སྒོའི་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ནས། དཔལ་ཡོན་གཉེན་སྲོལ་མཛུབ་སྟོན་དང་གཉེན་སྒྲིག་རིག་གནས་དར་སྤེལ་བྱ་དགོས།

《སྒྲིག་སྲོལ》ལས་བསྟན་དོན། གཉེན་སྒྲིག་ཐོ་འགོད་འདྲ་པར་དེ་ཉེ་དུས་བླངས་པའི་མདོག་གཅིག་ཅན་གྱི་དཔང་ཡིག་འདྲ་པར་ཡིན་དགོས་ལ། ཚོན་མེད་འདྲ་པར། གཉེན་སྒྲིག་འདྲ་པར། སྒྱུ་རྩལ་འདྲ་པར། PSལས་བཟོ་བཅོས་བྱས་པ། སྡེབ་སྒྲིག་བྱས་པའི་འདྲ་པར། མིག་ཤེལ་གྱོན་པ། གདོང་གི་རྣམ་འགྱུར་ཚད་ལས་བརྒལ་བ། མི་སྒེར་དང་བར་ཁྱད་ཆེན་པོ་ཡོད་པ་དང་གཏན་འབེབས་དང་མི་མཐུན་པའི་ལྭ་བ་གྱོན་པའི་འདྲ་པར་སོགས་སྤྱད་མི་ཆོག་པ་རེད།

《སྒྲིག་སྲོལ》ལས་ཆེད་དུ《གཉེན་སྒྲིག་ཐོ་འགོད་ཀྱི་ཡིད་རྟོན་སྤྱི་བསྒྲགས་ཡི་གེ》བསྣན་ཏེ། གཉེན་སྒྲིག་མཁན་ལ་གཉེན་སྒྲིག་ཐོ་འགོད་ཀྱི་ཆ་རྐྱེན་གཏན་འཁེལ་བྱས་ཡོད་པ་གཤམ་གསལ་ལྟར། གནས་ཚུལ་དངོས་སྦ་གསང་བྱེད་པ་དང་དཔང་ཡིག་རྫུན་མ་འདོན་སྤྲོད་བྱེད་པ། གསལ་བསྒྲགས་རྫུན་བཟོ་བྱེད་པ། མི་གཞན་གྱིས་རང་གི་ཚབ་བྱེད་པ། མི་གཅིག་གིས་གཉེན་སྒྲིག་ཐོ་འགོད་བྱེད་པ་དང་གཉེན་སྒྲིག་དཔང་ཡིག་བླངས་ན་ཁྲིམས་ལུགས་ཀྱི་མཇུག་འབྲས་ཚབ་ཆེན་འབྱུང་ངེས་པ་མ་ཟད། “ཡིད་རྟོན་ཀྲུང་གོའི(མཚོ་སྔོན)”ཡིད་རྟོན་མེད་པའི་མིང་ཐོ་ནག་པོའི་ནང་བཅུག་སྟེ་སྤྱི་ཚོགས་ལ་སྤྱི་བསྒྲགས་བྱ་ངེས། མི་སྒེར་གྱི་ཡིད་རྟོན་མེད་པའི་བྱ་སྤྱོད་ཀྱིས་བཟོས་པའི་ཡིད་རྟོན་ཆད་པའི་འབྲེལ་ཡོད་ཁྲིམས་ལུགས་ཀྱི་འགན་ཁུར་མི་སྒེར་གྱིས་འཁུར་དགོས་ཞེས་བསྟན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།