“སྦྲ་གུར་ནས་སོ་ཕག་ཁང་པར་སྤོས”ཏེ་རྨ་ཆུའི་ཆུ་འགོའི་འབྲོག་པ་དབུལ་པོ་གནས་སྤོས་དབུལ་སྒྲོལ་ལམ་དུ་བསྐྱོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་དུས་རྨ་ཆུའི་ཆུ་འགོའི་རྨ་སྟོད་རྫོང་དུ་གྲང་ངར་ཆེ་ཡང་། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ས་ཚིགས་སུ་ཧ་ཅང་འཁྲུག་ཆ་དོད། ཉིན་ཤས་བསྟུད་མར། རྨ་སྟོད་རྫོང་གི་འབྲོག་པ་དབུལ་པོ་ཚོས་རང་ཁྱིམ་གསར་པར་བསྡུ་གསོག་རྒྱག་བཞིན་འདུག

རྨ་སྟོད་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད་ལ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་གནས་ཤིག་ཡིན་པར་བརྟེན“རྨ་ཆུའི་འབྱུང་རྩ་དང་མཚེའུ་སྟོང་ལྡན་གྱི་རྫོང”ཟེར་སྲོལ་ཡོད། རྨ་སྟོད་རྫོང་གི་ས་བབ་མཐོ་ཚད་སྨི4500ཡན་ཟིན་པ་དང་མི་འབོར་ཁྲི1.5ཡོད་པའི་ནང་བོད་རིགས་ཀྱིས་93%བཟུང་ཡོད། གནས་དེའི་རང་བྱུང་ཆ་རྐྱེན་ཞན་པ་དང་། ས་བབ་མཐོ་ལ་གྲང་ངད་ཆེ་བ་དང་གསོ་རླུང་དཀོན་ལ། ཁོར་ཡུག་ཞན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་ས་བབ་མཐོ་ཤོས་དང་མི་འབོར་ཉུང་ཤོས་ཀྱི་རྫོང་ཞིག་རེད།

“སྡོད་ཁང་གསར་པར་སྤོ་ཐུབ་པ་རྨི་ལམ་དུའང་གཏོང་མ་མྱོང་། སྡོད་ཁང་གསར་པ་བརྒྱབ་པ་ནས་སྤོས་པའི་བར་ནང་ཆས་ཁ་ཤས་རང་ཉིད་ཀྱིས་ཉོས་པ་ཕུད། དེ་མིན་དངུལ་ཕིང་གཅིག་ཀྱང་གཏོང་དགོས་མ་བྱུང་། ད་ཆ་ལམ་བདེ་རུ་ཕྱིན་པས་ནད་གཞི་ལྟ་རྒྱུར་སྟབས་བདེ་ཡོད་ལ། ཕྲུ་གུ་སློབ་གྲྭར་བསྐྱོད་རྒྱུ་ཡང་སྟབས་བདེ་རུ་ཕྱིན་འདུག”ཅེས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སྲིད་ཇུས་ཀྱི་ཕན་པ་ཐོབ་མཁན་སྟེ་མཚོ་སྐྱ་རེངས་ཤང་ཀླུ་ནག་གྲོང་ཚོའི་དམུ་ལོས་སྡོད་ཁང་གསར་པར་སྤོས་བཞིན་དགའ་སྤྲོའི་ངང་དེ་ལྟར་བཤད།

ཉིན་འདི་དག་ནང་། ཁོང་དང་འདྲ་བའི་དུད་ཚང་དབུལ་པོ1541ཡི་མི4473རིམ་བཞིན་སྡོད་ཁང་གསར་པར་སྤོས་ཤིང་། ཁོང་ཚོའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བྱུང་།

རྨ་སྟོད་རྫོང་དབུལ་སྐྱོར་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར། 2011ལོར་རྨ་སྟོད་རྫོང་རྒྱལ་ཁབ་ཀྱིས་རྫོང་དབུལ་པོའི་ཁོངས་སུ་བཞག་པ་དང་འབྲེལ་རྫོང་དེར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཆང་དབུལ་པོ1726ཡི་མི5092དང་གྲོང་ཚོ་དབུལ་པོ11གཏན་ཁེལ་བྱས་པ་རེད། དོན་དངོས་དེར་གཞིགས་ནས། 2016ལོ་ནས་ད་བར་རྨ་སྟོད་རྫོང་གིས་ཡུལ་གཞན་དུ་གནས་སྤོས་བྱ་རྒྱུ་དེ་དམངས་འཚོའི་གནད་དོན་ཐག་གཅོད་ཀྱི་ནང་དོན་གལ་ཆེན་དང་དབུལ་སྐྱོར་གསར་སྤེལ་གྱི་ཕན་འབྲས་ལྡན་པའི་བྱེད་ཐབས་ལ་བརྩིས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མ་དངུལ་སྒོར་ཁྲི་སྟོང་ཡན་བཏང་བ་དང་འབྲེལ“ཁ་ཐོར་གནས་སྤོ་དང་། གཅིག་སྡུད་བཀོད་སྒྲིག”གི་བྱེད་ཐབས་སྤྱད་དེ་རྫོང་དེའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང1541ཡི་མི4473ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

མཛོ་རྒན་རྭ་བར་གྲོང་རྡལ་རྩྭ་དེའུ་གྲོང་ཚོའི་གཡུ་དགེ་ཁྱིམ་དུ་བརྙན་འཕྲིན་དང་། འཁྱགས་སྒམ། གོས་འཁྲུད་འཕྲུལ་འཁོར་སོགས་འཚོ་བའི་མཁོ་ཆས་གསར་པ་ཆ་ཚང་བསྒྲིགས་འདུག “ང་ཚོས་ཀྱང་གྲོང་ཁྱེར་གྱི་མི་ལྟར་འཚོ་བ་སྐྱེལ་ཐུབ་སོང་། ད་ཆ་རྩྭ་ཐང་དང་ར་ལུག་ཉུང་དུ་ཕྱིན་ཡང་། ཡོང་འབབ་མང་དུ་ཕྱིན་ཡོད། ལོ་ལྟར་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་སྒོར་ཁྲི2.4དང་ཟླ་རེར་རྩྭ་ཐང་སྣོད་བཅུད་བདག་སྲུང་བའི་གླ་ཆ་སྒོར1800ལེན་རྒྱུ་ཡོད”ཅེས་གཡུ་དགེ་བཟའ་ཚོ་གཉིས་ཀྱིས་ད་ཆའི་བདེ་སྐྱིད་འཚོ་བ་གླེང་།རྨ་སྟོད་རྫོང་དབུལ་སྐྱོར་ཅུས་ཀྱི་འགན་འཁུར་བས“ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྡོད་ཁང་སྐྲུན་སྐབས། ང་ཚོས་འབྲོག་པ་མང་ཚོགས་ཀྱི་འདོད་པར་བསྟུན་པ་དང་ཁོང་ཚོའི་ཐོན་སྐྱེད་འཚོ་བའི་དོན་དངོས་ལ་གཞིགས་པའི་ཁར། གནས་དེ་རང་དང་ཐག་ཉེ་སར་བསྐྲུན་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གྲོང་ཁུལ་གྱི་གནས་བདམས་ནས་གཅིག་སྡུད་བཀོད་སྒྲིག་བྱས་པར་བརྟེན། འབྲོག་པ་མང་ཚོགས་ཀྱི་ལས་ཞུགས་དང་ཐོན་སྐྱེད་ལ་སྟབས་བདེ་བསྐྲུན་ཡོད”ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།