《ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ》ཞེས་པ་དངོས་སུ་འགྲེམ་སྤེལ་བྱས།

微信截图_20190104133915.jpg

ཉེ་ཆར། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་མ་དངུལ་ཆ་ཚང་སྦྱར་ཞིང་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་《ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ》ཞེས་པ་དངོས་སུ་འགྲེམ་སྤེལ་བྱས། དེབ་འདི་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་“བོད་རིག་པའི་སློབ་གླིང་གི2018ལོའི་རིག་ཚན་གསར་འཛུགས་རྣམ་གྲངས”ལས་དངོས་གཞི་སློབ་མའི་འབྲས་རྟགས་ཡིན།

དཔེ་དེབ་འདི་རྩོམ་པ་པོ་ཝེ་ཞུའུ་ཡེའུ་ཡིས་ཆེད་དུ་ཧ་ཝར་ཊི་སློབ་ཆེན་གྱི་སློབ་གཉེར་བ་རྣམས་ཀྱི་ཉིན་རྒྱུན་གྱི་དཔེ་ཀློག་རྣམ་པ་ལ་དམིགས་ནས་བརྩམས་པ་ཞིག་ཡིན་ལ། འདི་ལས་གཙོ་བོ་ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་དཔེ་ཀློག་རྣམ་པ་ཞིབ་འབྲི་བྱས་པ་བརྒྱུད་ནས། རང་རེའི་རྒྱལ་ཁབ་ཀྱི་སློབ་ཆེན་གང་དུའང་ལེགས་འགྲུབ་འབྱུང་དཀའ་ལ། ཧ་ཝར་ཊིའི་སློབ་གཉེར་བ་རྣམས་ཀྱི་མདུན་ལམ་དང་ལས་དབང་ལ་ཁ་ལོ་བསྒྱུར་བའི་བཟློག་མེད་ཀྱི་ཆོས་ཉིད་ཅིག་གསལ་སྟོན་གནང་ཞིང་། རླབས་ཆེན་གྱི་ཚན་རིག་པ་ཨན་ཟི་ཐན་ལགས་ཀྱིས་གསུངས་པའི་“མི་ཡི་བར་ཁྱད་ནི་ལས་ཞོར་དུས་ཚོད་སྟེང་བྱུང་བ་ཡིན”ཞེས་པའི་བདེན་ལུགས་དེ་ངོ་སྤྲོད་དང་འགྲེལ་བཤད་མཛད་ཡོད། དཔེ་དེབ་འདིར་ཁྱོན་བསྡོམས་པས་ལེའུ་བཅུ་རུ་ཕྱེས་ཡོད་ལ། ལེའུ་རེ་རེའི་ནང་དུ་སྐྱེ་བོ་སུ་ཞིག་གིས་རང་གི་མི་ཚེའི་དམིགས་འདུན་དང་ཕུགས་བསམ་རྣམས་བརྩོན་ལེན་དང་ལེགས་འགྲུབ་འབྱུང་བའི་མན་ངག་རེ་གསལ་བཤད་བྱས་ཏེ། ཧ་ཝར་ཊི་ནི་ལྷ་སྒྲུང་ཞིག་མ་ཡིན་པར་དེ་ནི་བདེན་དཔང་ཞིག་སྟེ། མི་སུ་ཞིག་གི་བློ་སྤོབས་དང་བརྩོན་སེམས། ཕུགས་བསམ་ལ་སོགས་ཀྱི་བདེན་དཔང་ཞིག་ཡིན་པ་ར་སྤྲོད་གནང་ཡོད། དཔེ་དེབ་འདི་ལས་ཧ་ཝར་ཊི་སློབ་ཆེན་ལ་ཆེད་དུ་མངའ་བའི་སྙིང་སྟོབས་དང་སྤོབས་སེམས་ལས་འཕྲོས་ཤིང་བརྩོན་སེམས་དང་གཤིས་རྒྱུད་སོགས་གསོ་སྐྱོང་གནང་བ་ལས་ཞུགས་ཏེ། ཕུགས་འདུན་དང་ལ་རྒྱ། རང་གཤིས། གོམས་སྲོལ། ཤེས་རབ་ལ་སོགས་པའི་ཆ་ནས་ལོ་ཆུང་ན་གཞོན་རྣམས་མི་ཚེའི་ཡང་རྩེ་རུ་ཡར་འདྲེན་དང་སྐུལ་མ་བྱེད་པ་ཡིན།

微信截图_20190104140433.jpg

ལོ་ཙཱ་བའི་ངོ་སྤྲོད།

རུ་མང་ཀླུ་མཁར་རྒྱལ་ནི་མཚོ་སྔོན་པོའི་བྱང་འགྲམ་གྱི་གཡུ་གཞོང་རྐང་ཚ་རུ་སྐྱེས་ཤིང་སློབ་གྲྭ་ཆུང་འབྲིང་རིམ་པར་འགྲིམས་ཏེ། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་རྒྱ་བོད་ལོ་ཙཱའི་ཁ་ཕྱོགས་ལ་སློབ་གཉེར་བྱེད་བཞིན་མཆིས་ལ། མཚོ་སྔོན་མི་རིགས་རྩོམ་རིག་ལོ་ཙཱའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན།2016ལོར་ཡུན་ནན་མི་རིགས་དཔེ་སྐྲུན་ཁང་ནས་འགྱུར་རྩོམ་ཕྱོགས་བཏུས《འཚོ་བའི་རྩུབ་ཤ་འཇམ་ཤ》ཞེས་པ་པར་དུ་བཏབ་ཅིང་། 2017ལོར་པེ་ཅིན་དཔེ་སྐྲུན་ཁང་ནས་《ང་ནི་མཱ་ལཱ་ལཱ་ཡིན》(མཉམ་དུ་བསྒྱུར)ཞེས་པ་པར་དུ་བཏབ། ད་ལྟའི་བར་དུ་འགྱུར་རྩོམ་བརྒྱད་ཅུར་ཉེ་བ་ཞིག《མཚོ་སྔོན་བོད་ཡིག་གསར་འགྱུར》དང《ཁྲིམས་ལུགས་ཚགས་པར།》 《མདོ་ལ་ཚགས་པར།》《མང་ཆུ།》《མང་རྫོང་སློབ་གསོ་ལྟ་སྐུལ།》《རྨ་ལྷོ་བོད་ཡིག་ཚགས་པར།》《གངས་དཀར་རི་བོ།》《ཉི་ཟླ་རི་བོ།》《ཀན་ལྷོ་བོད་ཡིག་ཚགས་པར།》《རྔ་བའི་གསར་འགྱུར།》《གུར་ཀུམ་ཆུན་པོ།》《གངས་རྒྱན་ན་ཆུང་ཚགས་པར།》《མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ།》《ན་གཞོན་གསར་བ》སོགས་སུ་སྤེལ་ཡོད། ཉེ་ལམ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས《ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ》ཞེས་པ་པར་དུ་བཏབ། ད་ལྟ་《རོ་ཁི་ཧྥེ་ལིར་གྱིས་བུ་ལ་སྤྲིངས་པའི་འཕྲིན་ཡིག་སོ་བརྒྱད་མ》བོད་འགྱུར་གྱི་ལས་ལ་གཞོལ་བཞིན་ཡོད། 

ལོ་ཙཱ་བའི་ཞུ་མཆིད།

ཁོ་བོ་བློ་གྲོས་དམན་པའི་ཁར་སྙིང་རུས་ཀྱང་ཆུང་བ་དང་ཞིབ་བུ་མིན་གཤིས་དེབ་འདི་བསྒྱུར་ནས་པར་སྐྲུན་གྱི་བར་དུ་དཀའ་ཁག་ཁྱོགས་པར་མི་ནུས་པ་ཞིག་བྱུང་སོང་། དེབ་འདི་བསྒྱུར་ཚར་ཏེ་ད་བར་དུ་རང་ཉིད་ཀྱི་གློ་ཁུག་ཏུ་མ་དངུལ་སྐར་གང་ཡང་མེད་པར་གུད་དུ་ལུས་པར། ད་རེས་ལས་ཀྱི་སྐལ་བཟང་རྣམ་པར་སྨིན་ནས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་“བོད་རིག་པའི་སློབ་གླིང་གི2018ལོའི་རིག་ཚན་གསར་འཛུགས་རྣམ་གྲངས”སུ་ཚུད་ཅིང་མ་དངུལ་ཆ་ཚང་ཡོན་ཏུ་སྦྱར་བ་ནི་དངོས་གནས་ཉལ་བའི་གཉིད་ལམ་ལའང་འཁོར་མྱོང་མེད་པ་ལྟ་བུ་རེད། དེབ་འདི་པར་སྐྲུན་ཡོངས་སུ་རྫོགས་པའི་བར་དུ་རང་ཉིད་ནས་ཀྱང་དམ་བཅའ་རྡོ་རྗེའི་ཚིག་ལ་ཞིག་པ་མེད་པར་ཆེ་བ་དོན་གྱི་གོ་བ་དང་ཆུང་བ་ཕྲད་ཀྱི་སྦྱོར་ལུགས་ཐད་འགྱུར་ཞུས་བཏང་སྟེ། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་པ་དང་དོན་གྱི་གོ་བས་ཚིག་གི་དག་ཐོན་པར་སྟོབས་དགུ་རྩལ་དུ་སྤྲུགས་ཡོད། དྲང་མོར་བརྗོད་ན། འདི་ཉིད་སྒྱུར་བའི་སྐབས་སུ་རང་ལ་ཤེས་ཚད་དང་ཡོན་ཚད་ཅི་ཡོད་ལྷག་ལུས་ཁབ་རྩེ་ཙམ་ཡང་མེད་པར་ཡོངས་སུ་བཏོན་ཡོད་པ་ནི་བདེན་པའི་གཏམ་དུ་ཟད་པས། བྲེལ་ཟིང་ཆེ་བ་དང་ཞུ་དག་ཡག་པོ་གཏོང་མ་ཐུབ་པའི་ཁ་གཡར་ས་གང་ཡང་མེད་པར། ཡིག་ནོར་དང་ཚིག་སྐྱོན། འགྱུར་ལོག་དང་འགྱུར་ཆད་ཅི་ཡོད་རང་གི་མ་ཤེས་པའི་ཆ་ཁོ་ན་ཡིན་ནོ། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།