རྨ་ཆུའི་ཆུ་འགོའི་མཚེའུ་འགྲམ་གྱི་སྣོད་བཅུད་བཅོས་སྐྱོང་དང་སླར་གསོ་ནུས་ལྡན་ཐུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྨ་ཆུའི་ཆུ་འགོའི་མཚེའུ་འགྲམ་གྱི་སྣོད་བཅུད་ཁོར་ཡུག་ཉམས་ཞན་དུ་འགྲོ་བ་དང་འཚོ་བའི་སྦགས་བཙོག་གི་འབྱུང་ཁུངས་བཅོས་སྒྲིག་བྱེད་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། རྒྱལ་ཁབ་ཀྱིས2015ལོར་མ་དངུལ་བཏང་སྟེ་ས་གནས་དེ་གར་སྣོད་བཅུད་སྲུང་སྐྱོང་རྣམ་གྲངས22ལག་བསྟར་བྱས་པ་དང་ལག་བསྟར་བྱས་ནས་ད་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་གསུམ་ནང་རྨ་ཆུའི་ཆུ་འགོའི་རྩྭ་ཐང་སྤྱི་ཆིང1625སར་རྩྭ་ཁ་བཀག་སྟེ་རྩྭ་གསོ་ཐབས་བྱས་ནས་རིམ་པ་དང་པོའི་སྲུང་སྐྱོང་ཁུལ་གྱི་ན་ཁ་མུའུ560དང་རིམ་པ་གཉིས་པའི་སྲུང་སྐྱོང་ཁུལ་གྱི་ན་ཁ་མུའུ4700སླར་གསོ་བྱས་ཡོད། དེའི་རིང་ས་གནས་དེ་གས་འགྲོ་ལམ་བཟོ་སྐབས་ལུས་པའི་ཨར་ལས་ཀྱི་ལམ་ཆུང་སོགས་ཁོད་སྙོམས་ནས་སླར་གསོ་བྱས་པ་དང་རྩྭ་སྤྱི་ཆིང58.89གསབ་འདེབས་བྱས་པ་རེད།

འཚོ་བའི་སྦགས་བཙོག་གིས་སྣོད་བཅུད་ལ་བཟོས་པའི་ཤུགས་རྐྱེན་ཆུང་དུ་གཏོང་ཆེད། རྨ་ཆུའི་ཆུ་འགོ་ཁུལ་གྱིས་གྲོང་གསེབ་ཀྱི་གད་སྙིགས་གཙང་གསིང་མ་ལག་དང་དེ་བཞིན་རྫོང་གྲོང་གི་བཙོག་ཆུ་གཙང་གསིང་མ་ལག་གཅིག་མཇུག་གཉིས་མཐུད་ངང་བསྐྲུན་ནས་གད་སྙིགས་རུབ་བསྡུ་གཙང་འདྲེན་བྱེད་ཚད75%ཟིན་པ་དང་། བཙོག་ཆུ་གཙང་གསིང་བྱས་རྗེས་ཀྱི་ཆུའི་སྤུས་ཚད་རིམ་པ་དང་པོར་སླེབས་ཡོད། སྐྱ་རིང་མཚོ་དང་སྔོ་རིང་མཚོ་སོགས་ཀྱི་མཚོ་འགྲམ་དུ་གསོག་འཇོག་ཐེབས་པའི་གད་སྙིགས་སྲིད་གཞུང་གིས་གཙང་སེལ་བྱེད་པ་དང་ཆབས་ཅིག ཆུ་བཤལ་གཏོང་མི་དགོས་པའི་ཁོར་ཡུག་སྲུང་སྐྱོང་གི་གསང་སྤྱོད་དང་གད་སྙིད་བླུགས་སྒམ་སོགས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རྨ་ཆུའི་ཆུ་འགོའི་མཚོ་འགྲམ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་ལག་བསྟར་བྱེད་རིང་། ས་གནས་དེ་གའི་མཚོ་ཁུལ་ཁག་གཅིག་ཏུ་ད་དུང་ཆུ་ཁ་མཐོ་དམན་གྱི་རང་འགུལ་ཞིབ་དཔྱད་ས་ཚིགས་དང་རང་འགུལ་གནམ་གཤིས་ས་ཚིགས་བསྐྲུན་པ་དང་། ཆབས་ཅིག སྣོད་བཅུད་ཞིབ་དཔྱད་གྲངས་གཞི་དུས་ཐོག་བརྒྱུད་གཏོང་མ་ལག་དང་དེ་བཞིན་མཁའ་ཐོག་པར་ལེན་གྱི་རྒྱང་ཚོར་ཞིབ་དཔྱད་མ་ལག་སྒྲིག་སྦྱོར་བྱས་པས། རྨ་ཆུའི་ཆུ་འགོ་ཁུལ་གྱི་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་དང་ཁོར་ཡུག་རིམ་འགྱུར་གྱི་ཉེན་ཟོན་ཉེན་བརྡ་གཏོང་བའི་སྣོད་བཅུད་སྡེ་ཚན་གྱི་ནུས་པ་ཇེ་ཆེར་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།