མཚོ་སྔོན་གྱི་འཇུ་ལག་རྫོང་སློབ་ཆུང་དང་པོ། བགྲང་བྱ་བརྒྱ་སོང་བའི་སློབ་གྲྭ་རྙིང་པའི་ལོ40ཡི་འཕོ་འགྱུར།

ཐོག་དཔངས་དམའ་བའི་ཁང་པ་ཐོག་གཅིག་མ་ནས་སློབ་ཁྲིད་ཐོག་ཁང་སྟར་པ་གསུམ་བར་དང་། རྡོ་སོལ་བསྲེགས་པ་དང་མེ་ཤིང་འབུད་ནས་དྲོད་ལེན་པ་ནས་གཅིག་སྡུད་ཐོག་དྲོད་མཁོ་དོན་བྱེད་པའི་བར། ནག་པང་ཐོག་སློབ་ཁྲིད་བྱེད་པ་ནས་སྣོལ་རེས་རྣམ་པའི་གློག་རྡུལ་དཀར་པང་ཐོག་སློབ་ཁྲིད་བྱེད་པ་བར་སོགས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་གི་སློབ་ཆུང་དང་པོའི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་སློབ་ཁྲིད་ཆ་རྐྱེན་དང་། བྱེད་ཐབས། སྤུས་ཚད་བཅས་ཚང་མ་ཇེ་ལེགས་སུ་ཕྱིན་པ་དང་། མི་རྣམས་སེམས་འགུལ་ཐེབས་དགོས་པ་ཞིག་ནི་ས་མཐོའི་མི་རིགས་ས་ཁུལ་གྱི་ཁྱིམ་ཚང་གི་སློབ་གསོའི་འདུ་ཤེས་ཀྱང་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་དེ་རེད།

སློབ་ཁང་དུ་འཛུལ་སྐབས“སྔོན་ལ་མེ་གཏོང་བ”ནས“སྔོན་ལ་སྟོད་ཐུང་ཕུད་པའི”བར།

འཇུ་ལག་རྫོང་སློབ་ཆུང་དང་པོར་དགེ་རྒན་བྱས་ནས་ལོ་25སོང་བའི་ཨང་རྩིས་དགེ་རྒན་མཱ་ཡུས་ལེན་ནི་སྔོན་ཆད་སློབ་གྲྭ་དེའི་སློབ་མ་ཞིག་རེད། “དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་སློབ་ཁང་ཚང་མར་སོལ་ཐབ་ཡོད་མོད། འོན་ཀྱང་། རྡོ་སོལ་བསྲེགས་ནས་དྲོད་ལེན་ཐབས་བྱས་ན། སློབ་གྲྭའི་མ་དངུལ་གྱིས་དགུན་ཁ་འཁྱོལ་ཐབས་བྲལ། དེར་བརྟེན་སློབ་གྲྭས་ང་ཚོ་སྒྲིག་འཛུགས་བྱས་ཏེ་རི་སྟེང་དུ་མེ་ཤིང་གཅོད་པར་བཏང་བ་དང་། ཡར་འཛེགས་མར་འབབ་བྱེད་ཐེངས་གཅིག་ལ་སྤྱི་ལེ་དྲུག་བདུན་ཙམ་ཡོད”ཅེས་མཱ་ཡུས་ལེང་གིས་བཤད་པ་དང་། ཁོང་གིས་ས་མཐོར་དགུན་ཁ་ཧ་ཅང་གྲང་མོ་ཡོད་པས། སྐབས་དེ་དུས་དགེ་རྒན་སློབ་ཁང་ནང་འཛུལ་སྐབས་སྔོན་ལ་མེ་གཏོང་དགོས་པ་དང་། སློབ་ཕྲུག་ཚོ་སློབ་ཁང་ནང་འཛུལ་སྐབས་ལག་འཕུར་རྐང་རྡབ་བྱེད་དགོས་ཀྱི་ཡོད། ད་ཆ་སློབ་གྲྭས་གཅིག་སྡུད་ཐོག་དྲོད་མཁོ་དོན་བྱས་པས་ཕྲུ་གུ་ཚོ་སློབ་ཁང་ནང་འཛུལ་མ་ཐག་སྟོད་ཐུང་ཕུད་དགོས་ཀྱི་ཡོད་ཅེས་བཤད།

མདོ་ལ་རིང་མོའི་ལྷོ་འདབས་སུ་གནས་པའི་སློབ་གྲྭ་དེ1905ལོར་བཙུགས་པའི་སྒེར་བཙུགས་སློབ་གྲྭ་ཞིག་ཡིན་པ་དང་། ལོ་བརྒྱ་ལྷག་ཙམ་ནང་གནས་སྤོ་བསྐྱར་སྐྲུན་དང་མིང་བསྒྱུར་བཤིག་སྒྲིལ་ཐེངས་མང་བྱས་ཡོད། ད་ཆ་སློབ་གྲྭ་དེར་སློབ་ཁྲིད་འཛིན་གྲྭ34དང་སློབ་མ1641ཡོད་པ་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་མིང་བཏགས་པའི“དེང་རབས་སློབ་གསོ་ལག་རྩལ་ཚོད་ལྟའི་སློབ་གྲྭ”ཞེས་པ་དེ་རེད། ལོ50ལ་སླེབས་པའི་དབྱིན་ཡིག་དགེ་རྒན་ལི་ཡུས་ལེན་དང་སློབ་གྲྭ་དེའི་དབར་ལས་དབང་ཟབ་མོ་ཡོད། 1976ལོར་ཁོང་སློབ་གྲྭ་དེའི་སློབ་མ་ཡིན་པ་དང་རྗེས་སུ་སློབ་གྲྭར་ལོག་ནས་དགེ་རྒན་བྱས་པ་མ་ཟད། ཁོང་གི་བུ་མོ་གཉིས་ཀྱང་སློབ་གྲྭ་དེ་གར་སློབ་ཞུགས་བྱས་ཡོད།

“དུས་རབས་གོང་མའི་ལོ་རབས་བདུན་ཅུ་བརྒྱད་ཅུ་པར་སློབ་གྲྭར་ཁང་པ་ཐོག་གཅིག་མ་སྟར་པ་གཅིག་ལས་མེད་པ་དེའང་ཐོག་དཔངས་དམའ་ལ་གོག་ཧྲུལ་ཞིག་ཡིན་པས་ཕྱོགས་བཞི་མཚམས་བརྒྱད་ནས་ལྷགས་པ་རྒྱག་པ་དང་། རྐུབ་བཀྱག་རིང་པོ་ཞིག་དང་མི་གཉིས་ཅན་གྱི་སྒྲོག་ཙེ་ཁ་ཤས་ལས་མེད་སྟབས། སློབ་མ་འགའ་ཤས་ཀྱིས་ཁྱིམ་ནས་རྐུབ་བཀྱག་འཁྱེར་ཡོང་གི་ཡོད”ཅེས་ལི་ཡུས་ལེན་གྱིས་བཤད་པ་དང་། ཁོང་གིས་1992ལོར་སླེབས་སྐབས་སློབ་གྲྭས་ཐོག་སོ་གསུམ་ལྡན་གྱི་སློབ་ཁྲིད་ཐོག་ཁང་སྟར་པ་གཅིག་སྐྲུན་ཡང་། སློབ་གྲྭ་ཡོངས་ལ་གློག་ཆས་གཅིག་ལས་མེད་པ་དེ་ནི“རྒྱང་བསྒྲགས་ཆེན་པོ”དེ་རེད་ཅེས་བཤད།

“2001ལོར་སློབ་གྲྭས་གློག་ཅན་སློབ་ཁྲིད་ཐོག་ཁང་བསྐྲུན་པ་དེའི་དམིགས་ཡུལ་ནི་རྩིས་རྒྱག་འཕྲུལ་འཁོར་གྱི་སློབ་ཚན་གང་མགྱོགས་ཚོགས་ཐུབ་ཆེད་རེད། སློབ་གྲྭ་ཡོངས་ཀྱི་དགེ་རྒན་50ལྷག་ཙམ་གྱིས་སོ་སོའི་ཟླ་བ་གཅིག་གི་གླ་ཕོགས་བཏོན་ནས་སློབ་གྲྭར་མ་དངུལ་བསྡུ་ཆ་བརྒྱབ་ཏེ་རྩིས་རྒྱག་འཕྲུལ་འཁོར་ཁང་གི་མཁོ་ཆས་སྒྲིག་སྦྱོར་བྱས་ཡོད”ཅེས་འཇུ་ལག་རྫོང་སློབ་ཆུང་དང་པོའི་སློབ་སྤྱི་ཝང་ཧུའུ་ཡོན་གྱིས་བཤད་པ་དང་། ཁོང་གིས་སློབ་ཁང་དེས་སློབ་གྲྭ་དེའི་སློབ་མ་སྟོང་ཕྲག་དུ་མར་འབྱུང་འགྱུར་གི་སྐར་ཁུང་གསར་པ་ཡངས་པོ་ཞིག་ཕྱེ་ཡོད་ཅེས་བཤད།

སློབ་ཁྲིད་བྱེད་སྟངས“མཁྲེགས་སྐྱོར་མཁྲེགས་འཛིན་བྱེད་པ”ནས་རང་གཤིས་ཅན་གྱི་འཕེལ་རྒྱས་ལ་སྣང་ཆེན་བྱེད་པའི་བར།

སློབ་ཁྲིད་ཐོག་ཁང་གི་ཐོག་སོ་དང་པོའི་བྱང་ངོས་སུ་གནས་པའི་དཀར་ཆ་དོད་པའི་རོལ་དབྱངས་སློབ་ཁང་ནང་གློག་རྡུལ་ཀང་ཆིན30ལྷག་ཙམ་བཞག་ཡོད་པ་དང་། ལོ་གཅིག་གི་གོང་དུ་ཧན་ཅུན་ཅེ་གློག་རྡུལ་ཀང་ཆིན་ཚོགས་པའི་ནང་ཞུགས་རྗེས་ཁོང་གིས་གཟའ་འཁོར་རེར་དེ་གར་གློག་རྡུལ་ཀང་ཆིན་སྦྱོང་བར་ཐེངས་གཅིག་ནས་གཉིས་བར་ཡོང་གི་ཡོད། ཁོང་གི་བདེ་ལྕག་འཁྱུག་པའི་མཛུབ་མོ་ཀང་ཆིན་གྱི་མཐེབ་གཞོང་ཐོག་ཕར་མནན་ཚུར་མནན་བྱས་ནས་རོལ་དབྱངས་སྙན་མོ་ཞིག་དཀྲོལ་བར་མི་རྣམས་དགའ་སྤྲོ་རབ་ཏུ་འཁོལ། མ་གཞི་ཁོང་ལོ9ལས་སླེབས་མེད་ཀྱང་། ཁོང་གིས《རྨ་ཆུའི་གླུ་གཞས་མཉམ་གཏོང་ཆེན་པོ》སོགས་ཀྱི་གླུ་དབྱངས་རྐྱང་དཀྲོལ་ཐུབ་ཀྱི་ཡོད།

“2013ལོ་ཚུན་དུ་སློབ་གྲྭས་ཚོགས་པ་མང་པོ་ཞིག་བཙུགས་པ་དཔེར་ན། ཡིག་གཟུགས་དང་། མཛེས་རྩལ། རོལ་དབྱངས། ཞབས་བྲོ། ལག་ཤེས་བཟོ་རྩལ། རང་རྒྱལ་གྱི་གནའ་བོའི་རིག་གནས་སོགས་རེད། སློབ་ཕྲུག་གི་དགའ་སྣང་ཁྱད་ཆོས་གསར་སྤེལ་དང་། སློབ་ཕྲུག་གི་རང་གཤིས་ཅན་འཕེལ་རྒྱས་དང་འཚམ་པ་དེར་གཞན་གྱི་ཚབ་བྱེད་ཐབས་བྲལ་པའི་ནུས་པ་ལྡན་ཡོད”སློབ་ཁྲིད་བྱེད་སྟངས་དེ་རིགས་ལོ30ཡི་གོང་དུ་རྩ་བ་ནས་བསམ་བློར་འཁོར་མྱོང་མེད་ཅེས་མཱ་ཡུས་ལེན་གྱིས་བཤད།

ཚོགས་པ་ཕུད་རྩིས་རྒྱག་འཕྲུལ་འཁོར་ཁང་དང་། འཕྲུལ་མི་ཁང་། ཚན་རིག་ཚོད་ལྟ་ཁང་སོགས་ནུས་པའི་ཁང་སྔ་རྗེས་སུ་བསྐྲུན་པ་དེས་སློབ་གྲྭའི་བྱང་ཚད་སློབ་གསོ་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད། “སྔོན་ཆད་རང་བྱུང་རྒྱུན་ཤེས་ཀྱི་ཚོད་ལྟའི་སློབ་ཚན་སྐབས་དགེ་རྒན་གྱིས་ཤོད་པ་དང་། ཡང་ན་ནག་པང་སྟེང་དུ་སློབ་རྒྱུ་ལས་གཞན་མ་འདས། ད་ཆ་ཚན་རིག་ཚོད་ལྟ་ཁང་གིས་འཕྲུལ་མི་ཁང་ལ་བརྟེན་ནས་ཐད་ཀར་ཚོད་ལྟ་བྱེད་ཐུབ་ཀྱི་ཡོད། སློབ་གྲྭས་ཕྱི་ལོ་ཞིང་ཆེན་ཡོངས་ཀྱི་འཕྲུལ་མིའི་འགྲན་བསྡུར་ཆེ་མོའི་ནང་ཞུགས་རྒྱུའི་འཆར་གཞི་ཡོད”ཅེས་ཝང་ཧུའུ་ཡོན་གྱིས་བཤད།

འཇུ་ལག་རྫོང་སློབ་ཆུང་དང་པོའི་སློབ་སྤྱི་གཞོན་པ་ཀྲང་ཡུས་ལའེ་ཡིས། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དགུ་བཅུ་པར་འཛིན་གྲྭ་གཅིག་ལ་རྟག་ཏུ་དགེ་རྒན་གཉིས་ཡོད་པ་དེའང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མ་ཡིན་པ་རེད། རྒྱ་ཡིག་དགེ་རྒན་གྱིས་སློབ་ཚན་ཚང་མ་འཁྲིད་ཀྱི་ཡོད་པ་དང་། སློབ་དེབ་ནང་གི་ནང་དོན་མང་པོ་ཞིག་དགེ་རྒན་རང་ཉིད་ཀྱིས་མཐོང་མྱོང་གཏན་ནས་མེད་པས། བསམ་ཚོད་དམ་ཡང་ན་ཐབས་གང་དྲག་ཅི་དྲག་སྤྱད་དེ་བརྙན་པར་འཚོལ་བསྡུ་བྱས་ནས་སློབ་མ་ཚོར་སློབ་ཁྲིད་བྱེད་ཀྱི་ཡོད། སློབ་མ་ཚོར་གཞི་རྩའི་ཆ་ནས་རང་གི་དགའ་ཕྱོགས་དང་མཐུན་པའི་གདམ་ག་བྱ་ཡུལ་གཞན་མེད་པ་རེད།

སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་ཁྱིམ་ཚང་སློབ་གསོའི་ལྟ་བར་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་བཏང་བ།

འཇུ་ལག་རྫོང་ནི་ཧུད་རིགས་གཙོ་བོར་བྱེད་པའི་མི་རིགས་མང་པོ་གཅིག་ཏུ་བསྡུས་པའི་ས་ཁུལ་ཞིག་རེད། མཱ་ཡུས་ལེན་གྱིས་དྲན་གསོ་བྱེད་བཞིན་དུ་ཁོ་མོ་སློབ་ཆུང་དུ་འགྲོ་སྐབས་འཛིན་གྲྭའི་ནང་གི་ཞིང་འབྲོག་ཁུལ་གྱི་སློབ་གྲོགས་མང་པོ་ཞིག་ལ་ཧུད་མིང་ཡོད་པ་ལས“དངོས་མིང”མེད། སློབ་གྲོགས་མང་པོའི“དངོས་མིང”དགེ་རྒན་གྱི་བཏགས་པ་ཞིག་རེད། ད་དུང་ཁོ་ཚོའི་ཉེ་འགྲམ་གྱི་བྱིས་པ་མང་པོ་ཞིག་སློབ་ཆུང་ཡང་འགྲོ་མྱོང་མེད། གནས་ཚུལ་དེ་དག་ལས་སྐབས་དེ་དུས་ཀྱི་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་སློབ་གསོའི་འདུ་ཤེས་ཡོངས་ཁྱབ་ནས་བརྗོད་ན་ཅུང་ཞན་ཙམ་ཡོད་ཅེས”བཤད།

“སྒྱུར་བཅོས་སྒོ་དབྱེར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས་འཇུ་ལག་རྫོང་གིས་དཔལ་འབྱོར་འཕེལ་རྒྱས་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་མགྱོགས་སུ་བཏང་ནས་ཞིང་འབྲོག་ཁུལ་གྱི་མི་སེར་གྲོང་ཁྱེར་དུ་གླ་པར་སྐྱོད་འགོ་ཚུགས་པ་དང་། མཐོང་རྒྱའང་རིམ་བཞིན་ཡངས་སུ་ཕྱིན་པ། ཕྱིར་གླ་པར་འགྲོ་མཁན་གྱི་བུ་ཕྲུག་ཀྱང་རིམ་བཞིན་གྲོང་ཁྱེར་ནང་འོས་འགན་སློབ་གསོ་དང་ཐ་ན་མཐོ་རིམ་སློབ་གསོ་དང་ལེན་བྱེད་བཞིན་ཡོད། ད་ཆ་སློབ་གྲྭའི་ནང་གི་སློབ་མ90%ཚང་མ་ཞིང་འབྲོག་ཁུལ་ནས་ཡིན”ཞེས་མཱ་ཧུའུ་ཡོན་གྱིས་བཤད།

ཀྲང་ཡུས་ལའེ་ཡིས་ས་མཐོའི་མི་རིགས་ས་ཁུལ་གྱི་ཁྱིམ་ཚང་སློབ་གསོའི་འདུ་ཤེས་ཟབ་ཏུ་ཕྱིན་པ་གྲངས་གཞི་ཞིག་ནས་གསལ་བཤད་བྱེད་ཐུབ་པ་སྟེ། ད་ཆ་འཇུ་ལག་རྫོང་སློབ་ཆུང་དང་པོའི་ཞབས་ཞུ་ཁུལ་དུ་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་ལོ་ལྟར་སློབ་འབྲིང་ལ་ཚད་གཞི་ལོན་པའི་སློབ་ཆུང་སློབ་མ300ལྷག་ཙམ་སྐྱེལ་གཏོང་བྱེད་ཀྱི་ཡོད། སློབ་མ་སློབ་རིམ་འཕར་ཚད་100%ཟིན་ཡོད་པས། “ལོ་དགུའི་འོས་འགན་སློབ་གསོ་གནས་དེར་ལག་བསྟར་བྱེད་རྒྱུར་གནད་དོན་སྤུ་ཙམ་ཡང་མེད”ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།