མཚོ་སྔོན་ཞིང་ཆེན་གྱིས་ཨེ་ཙི་ནད་སྔོན་འགོག་ཤེས་བྱ་སློབ་རར་སྐྱོད་པའི་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཛམ་གླིང་ཨ་ཙི་ཉིན་མོ་ཐེངས་སོ་གཅིག་པ་ཐོན་ལ་ཉེ་བའི་སྔ་ཉིན་སྟེ།  ཟླ11པའི་ཚེས28ཉིན།    ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་།   ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ཞིང་ཆེན་བདེ་ཐང་སློབ་གསོ་ཁང་།   ཞིང་ཆེན་མི་དམངས་སྨན་ཁང་བཞི་བ།   ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པའི་རང་འགུལ་གྱིས་ཞིབ་བཤེར་བྱེད་པ་དང་།   ཨེ་ཙི་ཤེས་པ་དང་ཨེ་ཙི་འགོག་བཅོས་བྱེད་པ།   བདེ་ཐང་མཉམ་སྤྱོད་བྱེད་ཅེས་པ་བརྗོད་གཞི་ཡིན་པའི་བདེ་ཐང་སློབ་གསོ་སློབ་རར་སྐྱོད་པའི་བྱ་འགུལ་མཚོ་སྔོན་མི་རིགས་སློབ་ཆེན་ནས་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན།  མིག་སྔར།  ཨེ་ཙི་ནད་ཀྱི་བྱུང་ཚད་རྒྱུན་ཆད་མེད་པར་ན་གཞོན་ཅན་དུ་འགྱུར་བཞིན་ཡོད་པས།  ན་གཞོན་སློབ་མ་ནི་ཨེ་ཙི་ནད་སྔོན་འགོག་བྱེད་པའི་ཚོགས་པ་གཙོ་བོ་ཡིན་པ་དང་།   བདེ་ཐང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་སྟོབས་ཤུགས་གཙོ་བོའང་ཡིན།   སློབ་གྲྭའི་དྲིལ་སྒྲོག་སློབ་གསོ་གཙོ་ཡིན་པའི་ཨེ་ཙི་སྔོན་འགོག་སློབ་གསོ་སྤེལ་བ་ནི་ཨེ་ཙི་ནད་སྔོན་འགོག་བྱེད་པའི་བྱེད་ཐབས་ཤིག་ཡིན་པ་དང་།  དེའི་དམིགས་འབེན་ནི་སློབ་གྲྭའི་དགེ་སློབ་དག་གི་ཨེ་ཙི་ནད་སྔོན་འགོག་ཤེས་བྱའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་།   རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་ཨེ་ཙི་ནད་སྔོན་འགོག་ཤེས་བྱ་ཁྱིམ་ཚང་དང་སྤྱི་ཚོགས་སྟེང་དྲིལ་སྒྲོག་བྱེད་པར་སྐུལ་སློང་བྱས་ཏེ་ཨེ་ཙི་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཐད་བྱས་རྗེས་འཇོག་རྒྱུ་དེ་རེད།

བྱ་འགུལ་ཁྲོད།   ཞིང་ཆེན་མི་དམངས་སྨན་ཁང་བཞི་བའི་སྨན་བཅོས་ཆེད་མཁས་པས་རྒྱ་ཆེའི་དགེ་སློབ་རྣམས་ལ་ཨེ་ཙི་ནད་ལ་ངོས་འཛིན་ཡང་དག་བྱེད་པ་ཞེས་པའི་ཆེད་དོན་འཆད་ཁྲིད་སྤེལ་ཏེ།   ཨེ་ཙི་ནད་མཆེད་སྟངས་དང་སྔོག་འགོག་བྱེད་ཐབས།   རང་གི་མཐའ་འཁོར་དུ་ཨེ་ཙའི་ནད་པ་ཡོད་ཚེ་བྱེད་ཐབས་ཅི་ཞིག་སྤྱོད་དགོས་པ།   ཨེ་ཙི་ནད་ཀྱིས་ན་གཞོན་སློབ་མ་ཚོར་ཐེབས་པའི་གནོད་པ་སོགས་འབྲེལ་ཡོད་ཤེས་བྱའི་ཐད་ནས་འགྲེལ་བཤད་བྱས་པར་མ་ཟད།   ཨེ་ཙི་ནད་འགོག་བཅོས་ཤེས་བྱའི་འགྲེམ་བྱང་འགེལ་བ་དང་དྲིལ་སྒྲོག་རྒྱུ་ཆ་སྟེར་བ།  ཡུལ་དངོས་འདྲི་རྟོག་ཞབས་ཞུ་འདོན་སྤྲོད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་སློབ་ཆེན་སློབ་མས་ཨེ་ཙི་ནད་སྔོན་འགོག་དང་ཞིབ་བཤེར།  གསོ་བཅོས་བྱེད་པ་སོགས་ཐད་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་བཏང་།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།