གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་རྨ་ཆུའི་ཆུ་འགོར་གསའ་ལ་བརྟག་དཔྱད་བྱེད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་ཡོན་ཧྲང་ཚའོ་རང་བྱུང་སྲུང་སྐྱོང་ལྟེ་གནས་དང་མཉམ་དུ་རྨ་ཆུའི་ཆུ་འགོར་གསའ་ལ་བརྟག་དཔྱད་བྱེད་འགོ་ཚུགས་ནས། གཙང་གསུམ་ཆུ་འགོ་ས་ཁུལ་དུ་འབྲེལ་ཡོད་བརྟག་དཔྱད་བྱེད་མྱོང་མེད་པའི་སྟོང་ཆ་བསྐངས་པ་དང་། རིག་གཞུང་ཁྱབ་ཁོངས་ཀྱིས་ས་གནས་དེ་གའི་གསའ་ཡི་ཁྱབ་ཚུལ་སྔར་བས་ཤེས་རྟོགས་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།

པེ་ཅིང་སློབ་ཆེན་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སོགས་ཀྱི་སྒྲིག་གཞིས་ཉེ་ཆར་མཉམ་དུ་ཁྱབ་བསྒྲགས་བྱས་པའི་ཞིབ་འཇུག་སྙན་ཞུ《ཀྲུང་གོའི་གསའ་ལ་བརྟག་དཔྱད་དང་སྲུང་སྐྱོབ་ཀྱི་གནས་ཚུལ》ལ་གཞིགས་ན། འབྲི་ཆུ་དང་རྫ་ཆུའི་ཆུ་འགོའི་བརྟག་དཔྱད་བྱ་ཡུལ་ཁ་ཤས་སུ་སྤྱི་ལེ་ངོས་གྲུ་བརྒྱ་རེར་གསའ3ཙམ་ཡོད་པ་དང་། རྨ་ཆུའི་ཆུ་འགོ་དང་བར་ཐག་སྤྱི་ལེ200ཙམ་ཡོད་པའི་ཨ་མྱེས་རྨ་ཆེན་གྱི་ཉེ་འཁོར་དུ་ཚན་ཞིབ་མི་སྣས་དུས་ཐུང་ལོ་གཉིས་ནང་གསའ་དང་འབྲེལ་བའི་བརྙན་པར500ལྷག་ཙམ་པར་བླངས་ཡོད་པ་རེད།
     “དུས་འགོའི་ཞིབ་འཇུག་འབྲས་བུར་གཞིགས་ན། མིག་སྔར་གསའ་ལ་བརྟག་དཔྱད་བྱེད་མྱོང་མེད་པའི་ས་ཁོངས་ཏེ་རྨ་ཆུའི་ཆུ་འགོ་ནི་ཁུ་ནུ་རི་བོ་དང་གཙང་གསུམ་ཆུ་འགོའི་ས་ཁུལ་ཁག་གི་གསའ་སྦྲེལ་མཐུད་བྱེད་པའི་ལྟེ་བའི་བར་ཁྱམས་གྲས་ཤིག་ཡིན་བཟོ་འདུག་པ་དང་། ཁྱུ་ཚོགས་ཁྱབ་སྤེལ་ཐད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་བཞིན་ཡོད”ཅེས་འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་གསའ་སྲུང་སྐྱོབ་ཀྱི་རིགས་གཅིག་མཁས་ཅན་ཧོ་པིང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་འདི་ལོའི་ཟླ10པའི་ཟླ་མཇུག་ཏུ་ཚན་ཞིབ་མི་སྣས་རྨ་ཆུའི་ཆུ་འགོའི་ས་ཁོངས་སུ་ས་ཆ་དངོས་ཀྱི་བརྟག་དཔྱད་བྱེད་སྐབས་གསའ་སྐྱག་དང་ས་ཕུག་རྙེད་པ་དང་། འབྲོག་ཁྱིམ་དུ་འདྲི་རྟོགས་བྱེད་སྐབས་འབྲོག་པ་ཁ་ཤས་ཀྱིས་དེ་གར་གསའ་འཚོ་གནས་བྱེད་པའི་འབྲེལ་ཡོད་ར་སྤྲོད་ཆ་འཕྲིན་མཁོ་འདོན་བྱས་བྱུང་ཞེས་བཤད།

ཧོ་པིང་གིས་སླད་ཕྱིན་རྨ་ཆུའི་ཆུ་འགོའི་ས་ཁུལ་དུ་གསའ་ལ་བརྟག་དཔྱད་ཡུན་རིང་དང་རྒྱུན་མཐུད་བྱས་པ་བརྒྱུད་ཞིབ་འཇུག་མི་སྣས་ས་གནས་དེ་གའི་གསའ་ཁྱུའི་གྲངས་འབོར་དང་། ཁྱབ་ཚུལ། འཚོ་སྡོད་གནས་ཚུལ་བཅས་རིམ་བཞིན་གསལ་རྟོགས་བྱེད་ཐུབ་ཅེས་བཤད།

 “མིག་སྔར་རྒྱལ་ནང་གི་འབྲེལ་ཡོད་ཚན་ཞིབ་མི་སྣས་མཉམ་དུ་འབད་བརྩོན་བྱས་ཏེ་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་གསའ་ལ་བརྟག་དཔྱད་བྱེད་མྱོང་མེད་པའི་སྟོང་ཆ་སྐོང་བཞིན་པ་མ་ཟད། ད་དུང་བརྟག་དཔྱད་ས་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བཞིན་ཡོད”ཡུན་རིང་པོར་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་ས་ཆ་དངོས་སུ་བརྟག་དཔྱད་བྱེད་མཁན་པེ་ཅིང་སློབ་ཆེན་གྱི་མཆོག་རམས་པ་ཤའོ་ལིང་ཡུན་གྱིས་ད་ཐེངས་ཀྱི་བྱེད་སྒོ་ལས་རིག་གཞུང་ཁྱབ་ཁོངས་ཀྱིས་གཙང་གསུམ་ཆུ་འགོའི་ས་ཁུལ་དང་ཐ་ན་གོ་ལ་ཧྲིལ་པོའི་གསའ་ཁྱུའི་གནས་ཚུལ་སྔར་བས་ཁོང་དུ་ཆུད་པ་དང་གསའི་རིགས་ཁྱུའི་གོམས་གཤིས་སྔར་བས་ཤེས་རྟོགས་ཐུབ་རྒྱུར་ཕན་པ་ཡོད་ཅེས་བཤད།

ཤའོ་ལིང་ཡུན་གྱིས2017ལོའི་ཁེར་གྷི་སི་ཐན་རྒྱལ་སྤྱིའི་གསའི་དབུ་ཚོགས་ཐོག་རིག་གཞུང་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ཚོར་བྱུང་བའི་ཐུན་མོང་གི་ངོས་འཛིན་གཞིར་བཟུང་། གོ་ལ་ཧྲིལ་པོར་གསའ་ཡོད་པའི་རྒྱལ་ཁབ12ཀྱིས་གསའ་འཚོ་སྡོད་བྱ་ཡུལ20%ཡི་སྣོད་བཅུད་ལ་མཐིལ་རྟོགས་བྱས་ཚེ། གཞི་ནས་ཅུང་ཡང་དག་པའི་སྒོ་ནས་གོ་ལ་ཧྲིལ་པོའི་གསའི་གྲངས་འབོར་དང་རིགས་ཁྱུ་ཁྱབ་ཚུལ་ཚོད་རྩིས་རྒྱག་ཐུབ་ཅེས་བཤད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།