རྨ་ཆུའི་ཆུ་འགོའི་རྫོང་དང་པོ། ཉི་འོད་འོག་གི་དབུལ་སྒྲོལ་ཕྱུག་འགྱུར་ལམ་བུ།

ཟླ10པའི་ཟླ་དཀྱིལ་དུ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་དུ་ཁ་བ་ཆེན་པོ་ཐེངས་མང་བབས་པ་དང་། ཞོགས་པ་རྨ་སྟོད་རྫོང་རྨ་ཁྲ་ལི་ཤང་རྨ་ཁྲ་ལི་གྲོང་ཚོའི་འབྲོག་པ་འབྲུག་བསྟན་ཁྱིམ་གྱི་ཐོག་ཁའི་འོད་ཤུགས་ལེབ་མོར་ཉི་འོད་འཕྲོས་པས་འོད་ཆེན་པོ་འཚེར་བཞིན་ཡོད།

 “རྨ་ཆུའི་ཆུ་འགོའི་རྫོང་དང་པོ”ཞེས་པའི་རྨ་སྟོད་རྫོང་མཚོ་བོད་ས་མཐོའི་ལྟེ་བར་གནས་ཤིང་། ས་བབ་མཐོ་ཚད་ཆ་སྙོམས་སྨི་4500ཡན་ཟིན་པ་དང་ལོ་གཅིག་རིང་གི་ཟླ་བ་11ཚང་མ་དགུན་དུས་རེད། དེ་ནི་ད་བར་མིའི་རིགས་འཚོ་སྡོད་བྱེད་པའི་ཁོར་ཡུག་ཞན་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།

 འདས་ཟིན་པའི་འཚོ་བ་གླེང་སྐབས། འབྲུག་བསྟན་གྱི་བུ་མོ་ཆོས་འཚོས“ངའི་པ་ཕས་མར་མེ་བཟོ་ཤེས་ཀྱི་ཡོད་ལ་ངས་ཀྱང་རོབ་ཙམ་ཤེས་ཀྱི་ཡོད”ཅེས་ཀུ་རེའི་ཚུལ་དུ་བཤད། ལོ་གཉིས་གོང་། རྨ་སྟོད་རྫོང་གི་གྲོང་མིས་གློག་སྤྱོད་སྐབས་ད་དུང་ཉེ་འགྲམ་གྱི་ཆུ་ཤུགས་གློག་ཁང་ལ་རྟེན་དགོས་པས་རྟག་ཏུ་གློག་ཆད་ཀྱི་ཡོད།

2016ལོའི་ཟླ་9ཚེས་5ཉིན། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་མགོ་ལོག་དྲ་སྦྲེལ་ལས་གྲྭ་ལེགས་གྲུབ་ཟིན་པས་མཐར་རྨ་སྟོད་རྫོང་དུ་བརྟན་ལ་བློས་འགེལ་ཆོག་པའི་གློག་དྲ་ཆེ་མོ་འབྲེལ་མཐུད་ཐུབ། ནམ་མཁའ་དང་ཧ་ཅང་ཉེ་བའི་རྫོང་གྲོང་ཆུང་ངུ་དེར་བར་སྣང་དུ་གློག་སྐུད་ཁྲིད་ནས་འབྲོག་དུད་ལ་གློག་བརྟན་པོ་ཞིག་གཏོང་རྒྱུ་བྱུང་བ་དེ་ནི“གློ་བུར་དུ་ཐོབ་པའི་བདེ་སྐྱིད་ཅིག་རེད”ཅེས་འབྲོག་པས་སྐབས་དེ་དུས་ཀྱི་དགའ་སྣང་བརྗོད།

རྨ་སྟོད་རྫོང་མཚོ་སྐྱ་རེངས་ཤང་རྨ་ལ་བཞི་གྲོང་ཚོའི་དུད་ཚང་དབུལ་པོ་ཉི་མ་ཚེ་རིང་ནི་གཟུགས་གཞི་གཅོང་བ་དང་མིག་ཤེད་ཉམས་པའི་ཁར་ཨ་མ་ལོ་ན་མཐོ་བས་མིག་ལོང་བ་དང་གཅུང་པོའང་ནད་ཕོག་ནས་མལ་དུ་ལུས་ཡོད། ཉི་མ་ཚེ་རིང་གི་ནང་མི་ཚང་མ་སྲིད་གཞུང་གི་ལོ་ལྟར་ཁ་གསབ་རོགས་དངུལ་སྒོར་ཁྲི་གཅིག་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད།

ཉི་མ་ཚེ་རིང་གིས་གསར་འགོད་པ་མཐོང་སྐབས། ཁྱིམ་གྱི་ཐོག་ཁའི་འོད་ཤུགས་ལེབ་མོར་མཛུབ་མོ་འཛུགས་ཀྱིན་དུ་འཛུམ་མདངས་བསྟན། 2012ལོར་ཉི་མ་ཚེ་རིང་གི་ཁྱིམ་དུ་འོད་ཤུགས་ལེབ་མོ་སྒྲིག་སྦྱོར་བྱས་པ་དང་། འོད་ཤུགས་ལེབ་མོས་རང་ཁྱིམ་ཁོ་ནར་སྤྱད་ཀྱང་མི་འདང་བའི་ཁར་ད་དུང་རང་ཉིད་ཀྱིས་གློག་རིན་སྤྲོད་དགོས་ཀྱི་ཡོད།

འདི་ལོའི་ཟླ10ཚེས12ཉིན་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་སྐྲུན་རོགས་བྱས་པའི་རྨ་སྟོད་ཀྱི་ཀྲའོ་ཝ་4.4ཟིན་པའི་འོད་ཤུགས་དབུལ་སྐྱོར་གྲོང་སྦྲེལ་གློག་ཁང་དངོས་སུ་དྲ་སྦྲེལ་གྱི་གློག་གཏོང་ཐུབ་ཡོད། གློག་ཁང་དེ་ཉི་མ་ཚེ་རིང་གནས་སའི་གྲོང་ཚོའི་བྱང་ངོས་ནས་སྟོང་སྨི་2ཙམ་ཡོད་པའི་སར་བསྐྲུན་ཡོད། གློག་ཁང་གིས་སྔོན་དཔག་ལྟར་ན་ལོར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་ཁྲི680ཟིན་ཚེ་འོད་ཤུགས་གློག་གཏོང་གི་ཡོང་འབབ་གྲོང་ཚོའི་མཉམ་སྡེབ་དང་དེ་བཞིན་དུད་ཚང་དབུལ་པོའི་འབབ་འཕར་ལ་སྤྱོད་རྒྱུ་རེད། ཉི་མ་ཚེ་རིང་གི་ཁྱིམ་ཚང་ལ་འོད་ཤུགས་གློག་ཁང་ནས་ཕན་པ་ཐོབ་པ་དང་འོད་ཤུགས་གློག་གཏོང་ཕན་འབྲས་དེ་ཁྱིམ་ཚང་ཡོངས་ཀྱི་ཡོང་འབབ་གྲས་ཤིག་ཏུ་འགྱུར་རྒྱུ་རེད།

རྨ་སྟོད་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་གཡོད་སངས་རྒྱས་ཀྱིས། “གློག་ཁང་བསྐྲུན་པས་རྨ་སྟོད་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང628དང་མི1686ལ་མི་རེར་ཆ་སྙོམས་ཡོང་འབབ་སྒོར3000ལྷག་ཙམ་མང་དུ་འགྲོ་སྲིད”ཅེས་བཤད།

བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོའི་ལོ་མཇུག་བར་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར7.03བཏང་སྟེ། རྒྱལ་ནང་དུ་སྔ་རྗེས་སུ་གཅིག་སྡུད་རྣམ་པའི་འོད་ཤུགས་དབུལ་སྐྱོར་གློག་ཁང་7དང་གྲོང་ཚོ་རིམ་པའི་འོད་ཤུགས་དབུལ་སྐྱོར་གློག་ཁང236བསྐྲུན་པར་ལོ་ལྟར་དབུལ་སྐྱོར་ཡོང་འབབ་སྒོར་ཁྲི6000ལྷག་ཙམ་བྱུང་ནས། མང་ཚོགས་ཁྲི10ལྷག་ཙམ་ལ་དབུལ་སྒྲོལ་མ་དངུལ་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།