ས་མཐོའི་མོ་ཅ་གྲོང་ཚོའི་ནས་ཆང་གི་ཡོང་འབབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་ལན་ལུང་ཁོའོ་གྲོང་རྡལ་མོ་ཅ་གྲོང་ཚོར་སྐྱོད་སྐབས་ནས་ཆང་གི་དྲི་ཞིམ་གང་སར་འཐུལ་བྱུང་། ལོ་བརྒྱ་ཙམ་གྱི་ནས་ཆང་སྙོལ་བའི་ལོ་རྒྱུས་ལྡན་པའི་རི་གྲོང་ཆུང་ངུ་དེ་ད་ཆ་ནས་ཆང་ལ་བརྟེན་ནས་གྲོང་ཚོ་ཡོངས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད།

མོ་ཅ་གྲོང་ཚོ་ནི་མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུ་དང་ཙོང་ཆུ་མིང་ལིའུ་ནས་ཆང་ཐོན་ཁུལ་གྱི་གྲས་ཤིག་རེད། ལོ་བརྒྱ་ཡི་རིང་ནས་ཁོ་ནས་མིང་ལིའུ་ནས་ཆང་བསྙལ་བས་ཉེ་རིང་གང་སར་སྐད་གྲགས་ཆོད་ཡོད། ཡིན་ན་ཡང་རི་མཐོ་གྲོག་གཟར་དང་འགྲིམ་འགྲུལ་སྟབས་མི་བདེ་བའི་རྐྱེན་གྱིས་ལོ་བརྒྱའི་ལོ་རྒྱུས་ལྡན་པའི་གནའ་བོའི་གྲོང་སྡེ་དེ་སྔོན་ཆད་གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་བའི་རི་གྲོང་དབུལ་པོ་ཞིག་ཡིན་པ་དང་ས་ཞིང་འདེབས་རྒྱུ་དེ་ས་གནས་དེ་གའི་གྲོང་མིའི་ཡོང་འབབ་ཡོང་ཁུངས་གཙོ་བོ་རེད།

མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ནས་ས་གནས་དེ་གའི་མང་ཚོགས་ཀྱིས“ནས་ཆང”སྙོལ་བར་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་འཕེལ་རྒྱས་བཏང་ཞིང་། ཐལ་མདོག་གི་སོ་ཕག་དང་རྫ་གཡམ་ལས་གྲུབ་པའི་ཕྱོགས་བཞིར་སྒོ་ར་ཡོད་པའི་ཁང་པ་དང་། ཐབས་ཤེས་རྙིང་པར་བརྟེན་ནས་ཟར་མའི་སྣུམ་བཙིར་བའི་ཁ་ཚང་རྙིང་པ། མིང་ལིའུ་ནས་ཆང་གི་དྲི་ཞིམ་འཐུལ་བའི་ཆང་སྙོལ་ཁང་སོགས་ཡོད། རྒྱལ་སྟོན་གྱི་ངལ་གསོའི་སྐབས་སུ་སྟོན་མཇུག་ཏུ་སླེབས་རུང་མོ་རུང་གནའ་བོའི་གྲོང་སྡེ་རུ་སྔར་བཞིན་འགྲུལ་པའི་རྒྱུན་ཆད་མེད།

“ང་ཚོ་ཉིང་ཞ་ནས་ཡོང་བ་ཡིན། འདི་གའི་མིང་ལིའུ་ནས་ཆང་བྲོ་བ་ཞིམ་པོ་ཡོད་པ་གོ་ཐོས་བྱུང་བས་ཆེད་མངགས་ཡོང་བ་ཡིན”ཞེས་ཡུལ་སྐོར་བ་མཁྱེན་ལྡན་མ་ལི་ལགས་ཀྱིས་བཤད།

མོ་ལན་ནི་མོ་ཅ་གྲོང་ཚོའི་མིང་ལིའུ་ནས་ཆང་བསྙལ་མཁན་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་མི་རབས་དགུ་པ་ཡིན་ལ། མཚོ་སྔོན་ས་མཐོའི་མིང་ལིའུ་གློག་བརྙན་བརྙན་འཕྲིན་རིག་གནས་གྲོང་ཚོའི་སྤྱི་ཁྱབ་ཅིང་ལི་ཡང་རེད། ཁོང་གིས“ལོ་རྒྱུས་རིག་གནས་ལ་བརྟེན་ནས་ང་ཚོས‘མོ་རུང་གནའ་བོའི་གྲོང་སྡེ’བསྐྱར་སྐྲུན་བྱས་ཏེ་སྐབས་དེ་དུས་ཀྱི་གྲོང་ཚོའི་རྣམ་པ་སླར་གསོ་བྱེད་གང་ཐུབ་བྱས་པ་དང་ཆབས་ཅིག གནའ་བོའི་གྲོང་སྡེའི་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དང་ས་མཐོའི་གློག་བརྙན་བརྙན་འཕྲིན་རིག་གནས་རྟེན་གཞི་བསྐྲུན་ཏེ་ཡུལ་སྐོར་བར་ཡུལ་དེ་གའི་བྲོ་བ་ལྡན་པའི་བཟའ་བཅའ་དང་མིང་ལིའུ་ནས་ཆང་གི་བྲོ་བ་མྱོང་ཐུབ་པ་བྱས་པ་དང་ཆབས་ཅིག “རིག་གནས་ཀྱི་གསོལ་སྟོན”ཞིག་ཀྱང་མྱོང་རོལ་ཐུབ་པ་བྱས་ཡོད”ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། “མོ་རུང་གནའ་བོའི་གྲོང་སྡེའི”གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་ལག་བསྟར་བྱས་པ་ལས་ཧོང་ཀྲུང་རྫོང་ལན་ལུང་ཁོའོ་གྲོང་རྡལ་གྱི་གྲོང་མི་དུད་ཚང2620ཡི་འབབ་འཕར་ལ་སྐུལ་ཁྲིད་ཐུབ་སྟེ་དུད་ཚང་རེར་ལོ་རེར་འབབ་འཕར་སྒོར་2500ཙམ་བྱུང་ཡོད། གནའ་བོའི་གྲོང་སྡེའི་ཐབ་ཚང་དུ་བྲེལ་བརྩོན་ཆེ་བའི་ངང་ལས་ཀ་བྱེད་བཞིན་པའི་གྲོང་མི་ཝང་ཧྥུང་དབྱིང་གིས“དེ་སྔ་ཡོང་འབབ་བརྟན་པོ་མེད། གནའ་བོའི་གྲོང་སྡེ་འདི་ལས་འགོ་གཉེར་རྗེས་ང་གླ་པར་ཡོང་བ་ཡིན། ཟླ་གཅིག་ལ་ཡོང་འབབ་སྒོར་ཉིས་སྟོང་ལྷག་ཙམ་ཡོད་པས་ཁྱིམ་གྱི་ས་ཆ་མུའུ་གསུམ་ལ་བརྟེན་ནས་འཚོ་བ་སྐྱེལ་བ་ལས་ཧ་ཅང་གིས་དྲག་པ་འདུག”ཅེས་བཤད།

མོ་ཅ་གྲོང་ཚོ་ནི་ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་མཚོན་བྱེད་ཙམ་ཞིག་རེད། མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་གིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། མིག་སྔར་མཚོ་སྔོན་དུ་རིགས་སྣ་ཚོགས་ཀྱི་ཞིང་འབྲོག་ལས་གཉེར་སྐྱོང་བྱེད་པོ2535ཡོད་པ་དང་། ལས་སྒྲུབ་མི་གྲངས་ཁྲི4.5ལྷག་ཙམ་ཟིན་པ། ལོར་ཡུལ་སྐོར་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི1646ཟིན་པ། གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར24.7ཟིན་པ། ལས་ཀ་བྱེད་མཁན་ལ་ངལ་རྩོལ་ཐོབ་ཆ་སྒོར་དུང་ཕྱུར16.3སྤྲད་དེ་ཁེ་བཟང་སྒོར་དུང་ཕྱུར10ལྷག་ཙམ་ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།