ཀྲང་ལིས་ཀྱིས་འགོ་མཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི་གལ་ཆེན་སྒྲུབ་པ་དང་དེར་ལན་འདེབས་པའི་བྱ་བའི་ངོ་འཕྲད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་འགོ་མཛིན་བྱས་ནས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི་གལ་ཆེན་སྒྲུབ་པ་དང་དེར་ལན་འདེབས་པའི་བྱ་བའི་ངོ་འཕྲད་གྲོས་ཚོགས་བསྡུས་ནས། གྲོས་གཞི་གལ་ཆེན་སྒྲུབ་པའི་གནས་ཚུལ་ཡར་ཞུ་བྱས་པ་དང་། གྲོས་འདོན་མི་སྣའི་བསམ་འཆར་ལ་ཉན་པ་མ་ཟད། ལིའུ་ཝན་ཚོན་ལྡན་རྫ་ཆས་རྟེན་མཛོད་གླིང་གི་དོ་དམ་སྒྲིག་གཞི་ལག་བསྟར་སྔར་ལས་བཟང་བོ་བྱེད་པའི་གྲོས་གཞི་གལ་ཆེན་སྒྲུབ་པ་དང་། རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད། དོ་དམ་ལ་ཤུགས་སྣོན་པའི་བྱ་བའི་ཐད་ནས་བཀོད་སྒྲིག་བྱས།

ཀྲང་ལིས་ཀྱིས་བསྟན་དོན། གྲོས་གཞི་སྒྲུབ་རྒྱུ་་ནི་སྲིད་གཞུང་གི་ཁྲིམས་བཀོད་འགན་འཁྲི་དང་འོས་འགན་ཡིན་པས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གྲོས་གཞི་གལ་ཆེན་སྒྲུབ་པའི་ལམ་ལུགས་བཙུགས་པ་དང་། འགོ་ཁྲིད་གཅིག་གིས་སྣེ་ཁྲིད་དེ་ལས་གཞི་གཅིག་སྒྲུབ་པའི་བྱེད་ཐབས་སྤྱད་དེ། གྲོས་གཞི་སྒྲུབ་པའི་སྤུས་ཚད་མཐོར་འདེགས་བཏང་ཟེར།

ཀྲང་ལིས་ཀྱིས་ནན་གྱིས་བསྟན་དོན། རིག་དངོས་དོ་དམ་སྒྲིག་གཞི་འཐུས་ཚང་དུ་གཏོང་དོན་ནི། རིག་དངོས་ཐོན་ཁུངས་ཀྱིས་རིག་གནས་རྒྱུན་འཛིན་དང་མང་ཚོགས་ལ་སློབ་གསོ་གཏོང་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་རྒྱུ་དེ་ཡིན་པས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་རྒྱལ་ཁབ་ཀྱི་རྟེན་མཛོད་གླིང་དང་རིག་དངོས་བཟོ་སྐྲུན་འཛུགས་སྐྲུན་གྱི་མེ་གསོད་བདེ་འཇགས་ཞིབ་བཤེར་ཆེན་པོའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་དང་། ཞིང་ཆེན་ཡོངས་ཀྱི་རིག་དངོས་བདེ་འཇགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན། ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གཉིས་ཀྱིས་བཏོན་པའི་རིག་དངོས་བྱ་བ་བཟང་བོར་སྒྲུབ་པའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བཅས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྲུང་སྐྱོབ་གཙོར་འཛིན་པ་དང་མྱུར་སྐྱོར་གོ་གནས་དང་པོར་འཇོག་པ། འོས་མཐུན་སྒོས་བེད་སྤྱོད་པ། དོ་དམ་ལ་ཤུགས་སྣོན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གནད་དོན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རྗེས་འདེད་ལག་བསྟར་དམ་འཛིན་བྱེད་པ། རིག་དངོས་སྲུང་སྐྱོབ་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་པ། རིག་དངོས་ལ་དོ་དམ་བཟང་བོ་བྱེད་པ། རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་ཐད་སྙིང་སྟོབས་དང་རིག་གནས་ཀྱི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།