མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་སྐབས་དང་པོར་རྟེན་འབྲེལ་ཞུ་བ་དང་མཚོ་སྔོན་མཐོ་སྒང་གི་ཞིང་ལས་ཐོན་རྫས་འགྲེམ་སྟོན་བརྗེ་རེས་དང་ལྟ་སྦྱོང་ཚོགས་འདུ་སྐབས་གསུམ་པ་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་ནས་ཚོགས་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་མཚོ་སྔོན་མཐོ་སྒང་གི་ཞིང་ལས་ཐོན་རྫས་འགྲེམ་སྟོན་བརྗེ་རེས་དང་ལྟ་སྦྱོང་ཚོགས་འདུ་ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་ནས་ཚོགས་འགོ་བརྩམས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིང་འབྲེལ་ཡོད་བྱ་འགུལ་ལ་ཞུགས་པར་མ་ཟད་འགྲེམ་སྟོན་ཁང་ལ་སྐོར་ཞིབ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ལྟ་སྦྱོང་ཚོགས་འདུ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཉུའེ་ཁྲིན་ཡུན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧེ་དབྱིན་གཉིས་ཚོགས་འདུར་ཞུགས།

ལིག་ཉིང་སྔ་གཞུག་ཏུ་ཁུལ་དྲུག་དང་གྲོང་ཁྱེར་གཅིག་གི་འགྲེམ་སྟོན་ཁང་དང་མཚོ་ཤར་གྲོང་ཁྱེར་ཁང་། ནོར་གནག་སྦྲ་གུར་ཁང་། དེང་རབས་ཞིང་ལས་ཚན་རྩལ་ཁང་། རྒྱུད་གཅིག་ལམ་གཅིག་ཁང་སོགས་སུ་སོང་ནས། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ཐོན་རྫས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་ལྟ་སྐོར་དང་རྒྱུས་ལོན་བྱས། ཚལ་སླེ་ཐོན་རྫས་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་། མཐོ་སྒང་གིས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་སྤུས་ཚད་རྒྱུན་མ་ཆད་པར་ཇེ་མཐོར་སོང་ནས། ཞིང་ཞོར་ཐོན་རྫས་ལས་སྣོན་ཐད་ཀྱི་སྟོང་ཆ་མང་པོ་བསྐངས་ཡོད་པ་མཐོང་རྗེས། ལིག་ཉིང་གིས་བཤད་རྒྱུར། བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚུན་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། མཐོ་སྒང་གི་ཞིང་ཕྱུགས་ལས་ཐད་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། ལྗང་མདོག་ཞིང་དར་དང་རྒྱུ་སྤུས་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བ། ཚོང་རྟགས་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བ་དེ་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་དབྱངས་རྟ་གཙོ་བོར་གྱུར་ཡོད་པས། སྔར་ལས་སྒོ་འབྱེད་མཉམ་ལས་དང་ཐོན་ལས་ཀྱིས་སྣེ་ཁྲིད་བྱེད་པ། དངུལ་གཏོང་ཉོ་ཚོང་སྤེལ་བ་བརྒྱུད་དེ། ཞིང་ཕྱུགས་ལས་སྤུས་ཚད་སྔར་ལས་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཞིང་སྡེ་དར་སྤེལ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

དབུལ་ཐར་མཁྲེགས་གཏོར་གྱི་གནད་འགག་དུས་སྐབས་དང་འབྱོང་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་གཅོད་པ་ལེན་པའི་དུས་རིམ། ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་འགོ་རྩོམ་པའི་ལོ་བཅས་སུ། རང་རྒྱལ་གྱིས་ལོ་རེའི་ལུགས་རྙིང་གི་དུས་མཉམ་གྱི་དུས་དེ་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་དུ་གཏན་ཁེལ་བྱས་པ་དང་། དེས་ཞིང་བ་ཀུན་གྱི་བརྩོན་སེམས་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་ཆེར་སྐྱེད་ཐུབ་པ་དང་། ཞིང་བ་ཀུན་གྱི་གཟི་བརྗིད་ཀྱི་བསམ་པ་དང་བདེ་སྐྱིད་ཀྱི་ཚོར་བ། ཐོབ་ཚོར་མཐོར་འདེགས་བྱེད་ཐུབ་ལ། དབུལ་ཐར་མཁྲེགས་གཏོར་དང་འབྱོང་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ། ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ། དེར་བརྟེན། མཚོ་སྔོན་ཞིང་ཆེན་གྱིས་ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་མཐོ་སྒང་གི་ཞིང་ལས་ཐོན་རྫས་དང་ལྗང་མདོག་གི་འཕེལ་རྒྱས་གསར་བ་བརྗོད་དོན་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་སྐབས་དང་པོ་ལ་རྟེན་འབྲེལ་ཞུ་བ་དང་མཚོ་སྔོན་མཐོ་སྒང་གི་ཞིང་ལས་ཐོན་རྫས་འགྲེམ་སྟོན་བརྗེ་རེས་དང་ལྟ་སྦྱོང་ཚོགས་འདུ་སྐབས་གསུམ་པ་བསྡུས། འགྲེམ་སྟོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཁུལ་ཁོངས་སོ་སོའི་ཞིང་ཕྱུགས་ལས་ཐོན་ལས་ཀྱི་དགེ་མཚན་ལྟར་འགྲེམ་སྟོན་ཁང་བཀོད་སྒྲིག་བཟང་བོ་བྱས་ཡོད་པ་དང་། ན་གཞོན་ལས་སྐྲུན་ཁང་དང་མཚོ་སྔོན་གྱི་ཁྱད་ལྡན་བཟའ་བཏུང་ཁང་། མི་རིགས་སྦྲ་གུར་ཁང་། ནགས་ལས་ཐོན་རྫས་སྐྱེ་ཁམས་ཁང་བཅས་གསར་དུ་བསྣན་ཡོད། འགྲེམ་སྟོན་སྐབས་སུ། ད་དུང་མཐོ་སྒང་ཁྱད་ཆོས་ཀྱི་དེང་རབས་ཞིང་ཕྱུགས་ལས་ཀྱི་སྤུས་མཐོ་ལྗང་མདོག་འཕེལ་རྒྱས་ཀྱི་ཡུལ་དངོས་ལྟ་སྦྱོང་། ལོ་ལེགས་ཡོང་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དང་ལུས་རྩལ་འཁྲབ་སྟོན་དང་ངོ་སྤྲོད། ཞིང་སྡེ་དར་སྤེལ་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས། འཐེན་ཐུག་རྩལ་ནུས་འགྲན་སྡུར། གྲོས་མཐུན་འགོད་པའི་བྱ་འགུལ། རོང་འབྲོག་དམངས་ཀྱི་ཡིག་རིས་དང་བརྙན་རིས་འགྲེམ་སྟོན་སོགས་བྱ་འགུལ་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།