ཚོགས་རའི་ཡུལ་དངོས།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། ཀླུ་མོ་མཚོ། ལྷ་སྒྲོན་མཚོ།)ཟླ7ཚེས3ཉིན་གྱི་སྔ་དྲོར། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་ཞིབ་འཇུག་གསར་སྤེལ་གནང་བའི་བོད་སྐད་རིག་ནུས་ཡིག་སྒྱུར་མཉེན་ཆས་(ཨ་མདོ་ཡུལ་སྐད་ཅན་)ཁྱབ་སྤེལ་ཚོགས་འདུ་གནའ་མཁར་ཟི་ལིང་དུ་བསྡུས་ཤིང་། ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིང་ཁྲུན་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་སློབ་གསོ་ཚན་རྩལ་སིའི་སི་ཀྲང་ཐེན་ལེན་ཀང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཏང་ཨུའི་ཧྲུའུ་ཅི་ལན་ཀྲི་ཆི། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དེ་སྔའི་སློབ་གཙོ་གཞོན་པ་ཆི་མུའུ་ཐེ་ཞི། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་མཁས་པ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཝང་ཀྲི་ཀྲུང་། མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཆོས་སྐྱོང་སྲུང་མ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀྲའོ་ཧེ་ཞིན་བཅས་འགོ་ཁྲིད་ཞུགས་ཡོད་ལ། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཞུས་ལེན་གྱིས་གཙོ་སྐྱོང་གནང་།
ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་ལན་ཀྲི་ཆིས་གསུང་བཤད་གནང་བཞིན་པ།
ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་ལན་ཀྲི་ཆི་ལགས་ཀྱིས་བསྟན་དོན། མི་རིགས་སྐད་ཡིག་ཡིག་སྒྱུར་ཆ་འཕྲིན་ཅན་འཕེལ་རྒྱས་ཤུགས་ཆེན་བཏང་ནས། གྲངས་ཉུང་མི་རིགས་ལ་སྔར་བས་སྤུས་ཚད་མཐོ་བ་དང་། སྔར་བས་ལས་ཆོད་ཆེ་བ། སྔར་བས་སྟབས་བདེ་ཡིན་པ་བཅས་ཀྱི་ཡིག་སྒྱུར་ཞབས་ཞུ་འདོན་སྤྲོད་བྱས་ཏེ། ཆ་འཕྲིན་འཇིག་རྟེན་གྱི་ཨང་གྲངས་ཆེན་པོས་མི་དམངས་མང་ཚོགས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བ་འཚོལ་སྙེག་བྱེད་པར་བར་ཆད་མི་འབྱུང་བར་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དགོས་མཁོ་དང་མི་དམངས་ཀྱི་རེ་འདོད་རེད། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་ཞིབ་འཇུག་འདོན་སྤེལ་བྱས་པའི་མཉེན་ཆས་ཡོད་ཚད་རིན་མེད་མཉམ་སྤྱོད་དང་དྲང་ཐད་བེད་སྤྱོད་བྱེད་དུ་འཇུག་པ་དང་། རྒྱ་ཆེའི་གྲངས་ཉུང་མི་རིགས་ལ་བེད་སྤྱོད་དང་། བེད་སྤྱོད་ཡག་པོ་བྱེད་དུ་འཇུག་པ། མི་རིགས་སྐད་ཡིག་ཡིག་སྒྱུར་ཞབས་ཞུ་དང་ཆ་འཕྲིན་ཅན་འཛུགས་སྐྲུན་ལས་བྱུང་བའི་སྟབས་བདེ་ལོངས་སུ་སྤྱོད་དུ་འཇུག་པ་བཅས་བྱས་ནས། སྔ་མོ་ནས་དུས་མཉམ་དུ་འབྱོར་འབྲིང་ལ་སླེབས་པར་བྱ་དགོས།
རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་སློབ་གསོ་ཚན་རྩལ་སིའི་སི་ཀྲང་ཐེན་ལེན་ཀང་གིས་གསུང་བཤད་གནང་བཞིན་པ།
རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་སློབ་གསོ་ཚན་རྩལ་སིའི་སི་ཀྲང་ཐེན་ལེན་ཀང་གིས་བསྟན་དོན། བོད་སྐད་རིག་ནུས་ཡིག་སྒྱུར་མཉེན་ཆས་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་བྱས་པ་དེ་ནི་མི་རིགས་སྐད་ཡིག་ཆ་འཕྲིན་ཅན་དང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བར་ཐུན་མོང་མ་ཡིན་པའི་ནུས་པ་དང་དོན་སྙིང་ལྡན་པ་ཞིག་རེད། མི་རིགས་སྐད་ཡིག་ཆ་འཕྲིན་ཅན་གྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན། ང་ཚོས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ་དང་ ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་” སྐོར་གྱི་མཛུབ་སྟོན་གལ་ཆེན་དང་། སྐད་ཡིག་ལ་བརྟེན་ནས་མི་རིགས་ཁག་སྤེལ་རེས་དང་ངོས་འཛིན་གཅིག་མཐུན་ཆགས་པར་བྱེད་པའི་སྐོར་གྱི་མཛུབ་སྟོན་གྱིས་ང་ཚོར་བཏོན་པའི་ལས་འགན་དང་བླང་བྱར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཕྱོགས་གནས་ངེས་གསལ་དང་། དམིགས་ཚད་མངོན་གསལ། འགག་གནད་དམ་འཛིན་བཅས་བྱས་ནས། མི་རིགས་སྐད་ཡིག་ལས་དོན་དེ་“ སྐད་གཅིག་ཕྱོགས་གཅིག་” ནས་“སྐད་གཉིས་ཕྱོགས་གཉིས་”ཅན་དུ་མངོན་གྱུར་བྱེད་པ་དང་། མི་རིགས་ཁག་བར་བསམ་བློ་སྤེལ་རེས་བྱེད་པར་ཕན་པ་དང་། མི་རིགས་མཐུན་སྒྲིལ་དང་ཞི་མཐུན་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ཕན་པ་བཅས་ཀྱི་ལས་དོན་དམིགས་འབེན་རྒྱུན་འཁྱོངས་བྱ་དགོས།
མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་མཁས་པ་ཡིས་གསུང་བཤད་གནང་བཞིན་པ།
མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་མཁས་པ་ཡིས་ཚོགས་འདུའི་ཐོག་གསུང་བཤད་གནང་སྐབས་བསྟན་དོན། བོད་ཡིག་(ཨ་མདོ་ཡུལ་སྐད་)རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་བྱས་པ་ནི། མཚོ་སྔོན་དང་ཐ་ན་རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལས་དོན་གྱི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་ཞིང་ཤུགས་རྐྱེན་ཡུན་རིང་ཐེབས་པའི་དོན་ཆེན་ཞིག་རེད། ལག་རྩལ་འདིས་བོད་རྒྱ་མི་རིགས་བར་གྱི་སྤེལ་རེས་དང་འགྲོ་འོང་སྔར་བས་སྟབས་བདེ་བྱེད་ཐུབ་པ་མ་ཟད། བོད་ཡིག་དང་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། བོད་ཁུལ་གྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་འཛུགས་སྐྲུན་དང་། མི་རིགས་སློབ་གསོ། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་། དབུལ་ཐར་འགག་སྒྲོལ་སོགས་ཚང་མར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ངེས་རེད།
མཉེན་ཆས་མཚམས་སྦྱོར་བྱེད་བཞིན་པ།
ཐེངས་འདིའི་ཁྱབ་སྤེལ་ཚོགས་འདུའི་ཐོག་གཅིག་བསྡུས་ངང་འགྲེམ་སྟོན་བྱས་པའི་ཡིག་སྒྱུར་མཉེན་ཆས་ཁྱོན་བསྡོམས་རིགས12ཡོད་ཅིང་། དེ་དག་ནི་བོད་རྒྱ་(རྒྱ་བོད་)རིག་ནུས་ཡིག་སྒྱུར་མ་ལག་ ( དྲ་རྒྱའི་པར་མ་)དང་། བོད་རྒྱ་གླེང་མོལ་འབྲེལ་ལམ་( ཨན་ཀྲོའུ་པར་གཞི་དང་། ཀུ་ཤུ་པར་གཞི་དངPCཔར་གཞི་)དང་། བོད་རྒྱ་སྐད་གདངས་བསྒྱུར་བའི་འབྲེལ་ལམ་( ཨན་ཀྲོའུ་པར་གཞི་དང་། ཀུ་ཤུ་པར་གཞི་དངPCཔར་གཞི་)དང་། སུའུ་ཀོའུ་བཤར་ཆས་བོད་རྒྱ་ཕན་ཚུན་ཡིག་སྒྱུར་གྱི་མཉེན་ཆས་དང་། བོད་ཡིག་གི་སྐད་གདངས་ནང་འཇུག་བྱེད་ཐབས་(ཨན་ཀྲོའུ་པར་གཞི་དང་ཀུ་ཤུ་པར་གཞི་)དང་། Windowsབོད་ཡིག་གི་སྐད་གདངས་ནང་འཇུག་བྱེད་ཐབས(PCཔར་གཞི་ ) དང་། བོད་རྒྱ་རིག་ནུས་ཀྱི་སྐད་གདངས་ཡིག་སྒྱུར་མཉེན་ཆས་( ཨན་ཀྲོའུ་པར་གཞི་དང་ཀུ་ཤུ་པར་གཞི་)དང་། བོད་ཡིག་དྲ་རྒྱའི་དྲ་ཐོག་ཞུ་དག་མཉེན་ཆས་དང་། བོད་ཡིག་གི་གློག་རྡུལ་ཚིག་མཛོད་དང་། དེབ་ངོས་བོད་ཡིག་དབྱེ་འབྱེད་(OCR)མཉེན་ཆས་དང་། རིག་ནུས་ཁྲིམས་སའི་འདྲི་གཅོད་སྐད་གདངས་མ་ལག་དང་། བོད་རྒྱ་པར་ལེན་ཡིག་སྒྱུར་མ་ལག་བཅས་ཡིན།
ཡིག་སྒྱུར་མཉེན་ཆས12ཡོད་པ་འདི་དག་གིས་བོད་སྐད་ཡིག་བྱ་བའི་གཞུང་ལས་རང་འགུལ་ཅན་དུ་འགྱུར་བ་དང་། དྲ་བའི་ཐོག་ནས་ཡིག་རིགས་ཕན་ཚུན་བསྒྱུར་བ། དུས་ཐོག་སྐད་གདངས་ཡིག་སྒྱུར་བྱེད་པ། འཚོལ་བཤེར་དང་ཞུ་དག་བྱེད་པ། གནའ་དཔེ་ལེགས་སྒྲིག་བྱེད་པ་སོགས་ཀྱི་ལས་ཆོད་དང་སྤུས་ཚད་ཇེ་མཐོར་གཏོང་བར་ནུས་པ་ཆེན་པོ་ཐོན་ངེས་རེད། ལྷག་པར་དུ་ཐེངས་འདིར་གཙོ་གནད་དུ་བཏོན་པའི་༼བོད་རྒྱ་སྐད་གཉིས་རིག་ནུས་ཡིག་སྒྱུར་མཉེན་ཆས་༽ནི་སྐད་གདངས་ནས་སྐད་གདངས་བར་གྱི་དུས་ཐོག་གླེང་མོལ་དང་། བཤད་ཞོར་སྒྱུར་ཞོར། ནང་འཇུག་སྟབས་བདེ། གནད་འཁེལ་ཚད་མཐོ་བཅས་ལ་སླེབས་ཡོད། མཉེན་ཆས་འདིའི་ཡིག་རིགས་གཞན་དག་གི་པར་གཞི་ནི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་མི་རིགས་ས་ཁུལ་གྱི་“བློ་རིག་ལྡན་པའི་ཞིབ་དཔྱོད་ལས་དོན་”གྱི་ལས་གྲྭར་སྤྱོད་བཞིན་ཡོད་པ་དང་། དབུལ་བོར་རོགས་སྐྱོར་དང་དཀའ་ངལ་ཅན་ལ་རོགས་རམ། གཞི་རིམ་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ཀྱི་ལས་ཀ ཞིང་འབྲོག་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཅས་ཀྱི་ཁྲོད་དུ་ནུས་པ་གལ་ཆེན་ཐོན་བཞིན་ཡོད།
ཚོགས་རའི་ཡུལ་དངོས།
གཞན་མཚོ་སྔོན་ཞིང་ཆེན་གསར་འགྱུར་པར་སྐྲུན་དང་། རླུང་འཕྲིན་བརྙན་འཕྲིན། སློབ་གསོ་སློབ་ཁྲིད། ཁྲིམས་འཛིན་དང་བདེ་འཇགས་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། དེ་བཞིན་པེ་ཅིན་དང་། ཀན་སུའུ། མཚོ་སྔོན་བཅས་ཀྱི་བོད་སྐད་ཡིག་ཆེད་མཁས་དང་མཁས་པ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་སོགས་བསྡོམས་པས་མི120ལྷག་གིས་ཚོགས་ར་ནས་མཉེན་ཆས་གསལ་སྟོན་ལ་བལྟས་པ་དང་དངོས་སུ་ཉམས་སུ་མྱང་སྟེ། མཉེན་ཆས་ཀྱི་ཡིག་སྒྱུར་སྤུས་ཚད་དང་། ཡིག་སྒྱུར་གྱི་མྱུར་ཚད། བེད་སྤྱོད་སྟབས་བདེ་ཡིན་ཚད་བཅས་ལ་གདེང་འཇོག་མཐོན་པོ་གནང་། ཆེད་མཁས་རྣམས་ཀྱིས་བསྟན་དོན། མཉེན་ཆས་འདི་དག་ནི་བོད་ཁུལ་ལས་བྱེད་པ་རྣམས་ཀྱིས་དུས་ཡུན་རིང་བོར་རེ་སྒུག་བྱས་པའི་གསར་སྐྲུན་གལ་ཆེན་ཞིག་རེད། གཞི་རིམ་ལས་བྱེད་པས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་ཏང་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་སྔར་ལས་ལེགས་པར་བརྒྱུད་བསྒྲགས་བྱེད་པར་རོགས་རམ་ཀྱི་ནུས་པ་ཐོན་ནས། མི་རིགས་ཁག་གི་མི་དམངས་མང་ཚོགས་སྤེལ་རེས་དང་འགྲོ་འོང་། མཉམ་འདྲེས་བཅས་ཡོང་བར་སྔར་ལས་ལེགས་པར་སྐུལ་འདེད་བཏང་སྟེ། གནད་འཁེལ་དབུལ་སྐྱོར་ལ་རོགས་འདེགས་དང་། བོད་ཁུལ་གྱི་དཔལ་འབྱོར་དང་རིག་གནས་གོང་དུ་འཕེལ་བར་དོན་སྙིང་གལ་ཆེན་ལྡན་ཟེར། །
ཚོགས་རའི་ཡུལ་དངོས།
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་བོད་སྐད་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་གནའ་མཁར་ཟི་ལིང་དུ་བསྡུས།