མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་དང་ཞིབ་བཤེར་ཚན་ཆུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་དང་ཞིབ་བཤེར་ཚན་ཆུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ནས། ཁྲིམས་ལག་བསྟར་དང་ཞིབ་བཤེར་གནས་ཚུལ་ཁྱབ་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཁྲིམས་ལག་བསྟར་དང་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིག་ཐུང་ཏི་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད།

ལིག་ཐུང་ཏི་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཧ་ཅང་མཐོང་ཆེན་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ལ། ནམ་ཡང་མཁའ་དབུགས་བཙོག་བཟོ་འགོག་བཅོས་དེ་དམངས་ཚིས་བཟོ་སྐྲུན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱས་པ་དང་། ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་བསྣན་ཞིང་། ཁྲིམས་ལྟར་ཆབ་སྲིད་འགན་འཁྲི་དང་ཁྲིམས་ལུགས་འགན་འཁྲི། གཙོ་གཞི་འགན་འཁྲི་ལག་བསྟར་བྱས་པ་མ་ཟད། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་གཙོ་གནད་ལ་མཐོང་ཆེན་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བྱ་བ་གཏིང་ཟབ་ཏུ་སྤེལ་བས། ཁོར་ཡུག་དང་མཁའ་དབུགས་རྒྱུ་སྤུས་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བ་དང་། མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་ཚད་དང་སྐྱིད་སྣང་རྒྱུན་མ་ཆད་པར་ཇེ་མཐོར་སོང་ཟེར།

ལིག་ཐུང་ཏི་ཡིས་ནན་གྱིས་བསྟན་དོན། ཆབ་སྲིད་ལངས་གནས་མཐོར་འདེགས་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཇེ་བརྟན་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ནས། མཁའ་དབུགས་གཙང་སྒྱུར་གྱི་བྱ་བའི་ཐད་ནས་རྒྱལ་ཁ་ལེན་དགོས། ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ། ལམ་ལུགས་དང་ཁྲིམས་སྐྱོང་ཆེས་དམ་པོས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས། ཁྲིམས་ལག་བསྟར་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྲིད་གཞུང་གི་ཁོངས་གཏོགས་ས་ཆའི་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ཀྱི་གཙོ་གཞི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ནས། ཁྲིམས་ལུགས་དང་ལམ་ལུགས་ལག་བསྟར་ནན་མོ་བྱེད་པར་ཤུགས་སྣོན་དགོས། རྩ་བ་ནས་བཅོས་སྐྱོང་བྱེད་པ་འབུར་ཐོན་ཡོང་བར་བྱེད་པ་དང་། ཕྱོགས་བསྡུས་སྒོས་སྲིད་ཇུས་སྤྱོད་པ། ཚན་རྩལ་གྱི་འདེགས་སྐྱོར་ཇེ་དྲག་ཏུ་བཏང་སྟེ། བཙོག་བཟོའི་འགོ་ཁུངས་ནས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དགོས། གནད་དོན་གྱི་ཁ་ཕྱོགས་ཇེ་དྲག་ཏུ་གཏོང་བ་དང་། ས་རྡུལ་འགོག་པ་དང་སོལ་རླངས་ཇེ་ཉུང་དུ་གཏོང་བ། མཁའ་དབུགས་བཅོས་སྐྱོང་བྱེད་པ། ལྗང་བསྒྱུར་བྱེད་པ་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། ཁྲིམས་ལྟར་མཁའ་དབུགས་བཙོག་བཟོ་འགོག་བཅོས་ཐད་ཀྱི་གཙོ་གནད་དང་དཀའ་གནད་ཐག་གཅོད་དགོས། མཁའ་དབུགས་བཙོག་བཟོ་འགོག་བཅོས་ཐད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་ཚན་རིག་ཤེས་བྱ་དྲིལ་སྒྲོག་དང་ཁྱབ་གདལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཀུན་གྱིས་མཉམ་དུ་འགོག་བཅོས་བྱས་ནས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།