ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་ཆི་ལེན་རྫོང་གི་མི་ཤུགས་ཐོན་ཁུངས་ཚོང་རར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དང་། འདྲ་མཉམ་དང་ཚད་ལྡན། གོ་རིམ་ལྡན་པའི་ལས་ཞུགས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། ངེས་པ་དོན་གྱིས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་ཆེད། ཆི་ལེན་རྫོང་གིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་མི་ཤུགས་ཐོན་ཁུངས་ཚོང་རའི་སྒྲིག་ལམ་དང་ངལ་རྩོལ་ལས་བཟོ་བ་བཀོལ་སྤྱོད་བྱེད་པའི་ལོ་བཤེར་བྱ་བར་གཙང་བཤེར་དག་ཐེར་བྱེད་པའི་མཉམ་འབྲེལ་ཆེད་དོན་འགུལ་སྐྱོད་སྤེལ།
ཐེངས་འདིའི་ཆེད་དོན་འགུལ་སྐྱོད་ལ་གྲུབ་འབྲས་དངོས་ཐོབ་པར་བྱེད་ཆེད། རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ་དང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་ཆི་ལེན་རྫོང་གི་མི་ཤུགས་ཐོན་ཁུངས་ཚོང་རའི་སྒྲིག་ལམ་གཙང་བཤེར་དག་ཐེར་བྱེད་པའི་ཆེད་དོན་འགུལ་སྐྱོད་ཀྱི་འགོ་ཁྲིད་ཚན་ཆུང་བཙུགས་ཤིང་། མི་སྣ་བཀོད་སྒྲིག་བྱས་ནས་རྫོང་ཁོང་གཏོགས་ཀྱི་ངལ་ལས་མངག་གཏོང་ཀུང་ཟི་དྲུག་དང་འཛུགས་སྐྲུན། ཟ་ཁང་། མགྲོན་ཁང་། ཟས་རིགས་ལས་སྣོན་སོགས་ཀྱི་མི་བཀོལ་ལས་ཁུངས་ལ་ཞིབ་བཤེར་བྱས་པར་མ་ཟད། མི་བཀོལ་ལས་ཁུངས་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཕྱི་དང་ངལ་རྩོལ་ལས་མི་བསྡུ་བའི་དོ་དམ། གླ་ཕོགས་ཟླ་རེ་བཞིན་སྟེར་བ། ངལ་རྩོལ་གན་རྒྱ་འཇོག་པ། སྤྱི་ཚོགས་ཉེན་ཚབ་ཁྲོད་ཞུགས་པ་སོགས་ཀྱི་གནས་ཚུལ་ཐད་ནས་ཞིབ་བཤེར་ནན་མོ་བྱས་པས། རྒྱ་ཆེ་བའི་ངལ་རྩོལ་པ་དང་ལྷག་པར་དུ་ཞིང་བ་ཞོར་ལས་པ་དང་སློབ་ཆེན་སློབ་མར་འདྲ་མཉམ་དང་གོ་རིམ་ལྡན་པའི་ལས་ཞུགས་ཁོར་ཡུག་བསྐྲུན་པ་དང་། ངེས་པ་དོན་གྱིས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས། དེ་དང་མཉམ་དུ། རྫོང་མཁར་ཐང་ཆེན་དང་རླངས་འཁོར་འབབ་ཚིགས་སོགས་མི་མང་པོ་འདུ་ས་རུ<<ངལ་རྩོལ་བཅའ་ཁྲིམས>>དང<<ངལ་རྩོལ་གན་རྒྱའི་བཅའ་ཁྲིམས>><<ལས་ཞུགས་སྐུལ་འདེད་བཅའ་ཁྲིམས>>སོགས་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་སྒྲོག་བྱེད་པའི་བྱ་འགུལ་སྤེལ་ཞིང་། ཐེར་འདོན་ཞུ་གཏུག་ཁ་པར་ཡོངས་བསྒྲགས་བྱས་པ་དང་། ཡུལ་དངོས་ནས་ངལ་རྩོལ་པ་རྣམས་ལ་ཡང་དག་པའི་ངལ་རྩོལ་ཁེ་དབང་སྲུང་སྐྱོབ་ལམ་བུ་འགྲེལ་བཤད་བྱས་ལ། ངལ་རྩོལ་ལས་བཟོ་བ་བཀོལ་སྤྱོད་བྱེད་པའི་དོགས་གནད་ཅན་གྱི་གནད་དོན་ལ་ལན་བཏབ་པ་མ་ཟད། རིགས་སོ་སོའི་ངལ་རྩོལ་འགན་སྲུང་གི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་རྒྱུ་ཆ་སྟོང་གཅིག་དང་ཉིས་བརྒྱ་ལྷག་མར་བྱིན། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཆི་ལེན་རྫོང་གིས་མི་ཤུགས་ཐོན་ཁུངས་ཚོང་རར་ཆེད་དོན་ལེགས་སྒྲིག་བྱས།