མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རང་ཞིང་གི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་རྒྱུགས་ལེན་གྲ་སྒྲིག་བརྙན་རིས་སྐོར་ཞིབ་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས5ཉིན།རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་རྒྱུགས་ལེན་གྲ་སྒྲིག་བརྙན་རིས་སྐོར་ཞིབ་བྱ་བའི་གྲོས་ཚོགས་བསྡུས་རྗེས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རང་ཞིང་གི་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།ཧྲིན་ཀྲང་གཞོན་པ་བང་ཡུས་པོ་ཡིས་ནན་གྱིས་བསྟན་དོན། ཚད་མཐོན་པོས་མཐོང་ཆེན་བྱེད་པ་དང་།འགན་འཁུར་མཐའ་འཁྱོལ་བྱེད་པ། ལྷག་བསམ་རྣམ་དག་གིས་རྒྱུགས་ཞུགས་སློབ་མ་ལ་ཞབས་ཞུ་སྒྲུབ་ནས།ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་བྱ་བའི་བདེ་འཇགས་དང་འདྲ་མཉམ། བརྩེ་སེམས་བཅས་ལ་ཁེག་ཐག་བྱེད་དགོས།

བང་ཡུས་པོ་ཡིས་བརྙན་རིས་སྐོར་ཞིབ་མ་ལག་བརྒྱུད་ནས་ས་ཁུལ་དང་ལས་ཁུངས་རེ་འགའི་རྒྱུགས་ལེན་གྲ་སྒྲིག་བྱ་བའི་གནས་ཚུལ་སྐོང་འཐེན་བྱས་ནས། གསར་དུ་བཙུགས་པའི་རྒྱུགས་ཞུགས་སློབ་མའི་ཐོབ་ཐང་ལག་འཁྱེར་ཞིབ་བཤེར་མ་ལག་དང་།རྒྱུགས་ལེན་གོ་རིམ་ཧྲིལ་བོའི་ལྟ་སྐུལ་མ་ལག་སོགས་བཀོལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད། གྲོང་ཁྱེར་དང་ཁུལ་སོ་སོའི་རྒྱུགས་ལེན་གྲ་སྒྲིག་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པ་ལ་ཉན། ཁོས་བསྟན་དོན།མཐོ་རྒྱུགས་ནི་རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་རྣམས་ཀྱི་ཕན་ཁེ་ལ་རག་ལས་ཤིང་།སྤྱི་ཚོགས་འདྲ་མཉམ་དྲང་བཞག་དང་འཆམ་མཐུན་བརྟན་འཇགས་ལ་རག་ལས་ཡོད། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འདུ་ཤེས་བཞི་ཡིད་ལ་དམ་པོར་ཉར་ནས།ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། སློབ་གསོ་པུའུ་སོགས་ཀྱི་བྱ་བའི་རེ་བ་ལྟར།མཐོ་རྒྱུགས་བདེ་འཇགས་བྱ་བའི་འགན་འཁུར་ལ་རིམ་པ་རེ་རེ་བཞིན་དངོས་འབེབ་དོན་འཁྱོལ་བྱེད་དགོས་པར་བསྟན།

བང་ཡུས་པོ་ཡིས་ནན་གྱིས་བསྟན་དོན།བདེ་འཇགས་བརྟན་འཇགས་ལ་འགན་སྲུང་བྱེད་པ་ནི་མཐོ་རྒྱུགས་བྱ་བའི་མ་མཐའི་རེ་བ་ཡིན།སྒྲིག་འགལ་ལ་གཟབ་ནན་དང་།རྒྱུགས་རའི་དོ་དམ་ལ་ཤུགས་སྣོན་པ།སློབ་གསོའི་ཡིད་རྟོན་ཤུགས་ཇེ་དྲག་ཏུ་གཏོང་བ།རྒྱུགས་ལ་ཞུགས་པའི་སྲོལ་རྒྱུན་རྣམ་པ་བཟང་པོར་སྲུང་སྐྱོབ་བྱེད་དགོས།རྒྱུགས་ཤོག་ལྟ་སྲུང་གི་བདེ་འཇགས་ལ་གཟབ་ནན་བྱེད་པ་དང་།རྒྱུགས་ར་ལ་སྲུང་སྐྱོབ་བྱེད་པ།སློབ་རའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ།རང་འགུལ་དང་ཧུར་ཐག་གིས་གློ་བུར་དུ་བྱུང་བའི་དོན་རྐྱེན་སོགས་ལ་འགོག་སྲུང་དང་ཁ་གཏད་འཇལ་དགོས།བརྩེ་སེམས་དང་ལྷག་བསམ་གྱིས་སློབ་མའི་དཀའ་ངལ་ཐག་གིས་གཅོད་རོགས་བྱ་དགོས།འདྲ་མཉམ་དྲང་བཞག་གིས་རྒྱུགས་ཤོག་ལ་ལྟ་བ་དང་། ཞབས་ཞུའི་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས། སློབ་མ་ལ་རེ་འདོད་སྙན་ཞུའི་རེའུ་མིག་བསྐང་བར་མཛུབ་སྟོན་བྱས་ནས།དབུལ་སྐྱོར་དང་སྐྱེ་ཁམས།བོད་ཁུལ་ཆེད་སྤྱོད་སློབ་བསྡུའི་འཆར་གཞི་སོགས་སློབ་བསྡུའི་གྲངས་ཚད་སྔར་ལས་མང་བ་འཐོབ་པར་བརྩོན་ལེན་བྱས་ནས། ཞིང་འབྲོག་མང་ཚོགས་ཀྱི་བྱིས་པ་དང་རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་རྣམས་ལ་སློབ་ཞུགས་ཀྱི་གོ་སྐབས་སྔར་ལས་མང་པོ་གསར་སྐྲུན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།