སངས་རྒྱས་འབུམ་གྱི་ཐང་ག་སྒྱུ་རྩལ་འགྲེམ་ཚོགས་ཀྲུང་གོའི་རྒྱལ་ཁབ་རྟེན་མཛོད་ཁང་ནས་ཚོགས་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས27ཉིན། ཀྲུང་གོའི་ནུབ་རྒྱུད་ཞིབ་འཇུག་དང་འཕེལ་རྒྱས་སྐུལ་སྤེལ་ཚོགས་པ་དང་། རྒྱལ་ཁབ་མི་རིགས་རི་མོའི་གླིང་གིས་གཙོ་སྒྲུབ་བྱས་པའི་སངས་རྒྱས་འབུམ་གྱི་ཐང་ག་སྒྱུ་རྩལ་འགྲེམ་སྟོན་ཚོགས་འདུ་ཀྲུང་གོའི་རྒྱལ་ཁབ་རྟེན་མཛོད་ཁང་ནས་ཚོགས་མགོ་བརྩམས་པ་དང་། བོད་རིག་པའི་ལས་རིགས་དང་སྒྱུ་རྩལ་ལས་རིགས་སོགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལས་རིགས་ཁག་གི་མི་སྣ་བརྒྱ་ལྷག་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།

ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ། ཀྲུང་གོའི་ནུབ་རྒྱུད་ཞིབ་འཇུག་དང་འཕེལ་རྒྱས་སྐུལ་སྤེལ་ཚོགས་པའི་ལས་འཛིན་དཔོན་པོ་ཁྲིན་ལུའུ་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཁབ་མི་རིགས་རི་མོའི་གླིང་གི་ཡོན་ཀྲང་ཝང་ལིན་ཞུའུ། ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་ཞིབ་བྲིས་རི་མོའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧི་ཅྰ་ཡེན། རྒྱལ་ཁབ་མི་རིགས་རི་མོའི་གླིང་ཐང་ག་སྒྱུ་རྩལ་ཞིབ་འཇུག་གླིང་ཧྲིན་ཀྲིན་ཡན་ལག་གླིང་གི་ཡོན་ཀྲང་ཡྰང་ཝའེ་ཁྲིན་དང་། ཐེངས་འདིའི་འགྲེམ་སྟོན་སྒྱུ་རྩལ་པ། རྒྱལ་ཁབ་མི་རིགས་རི་མོའི་གླིང་ཐང་ག་སྒྱུ་རྩལ་ཞིབ་འཇུག་གླིང་གི་ལག་བསྟར་ཡོན་ཀྲང་སངས་རྒྱས་འབུམ་བཅས་ཀྱིས་སྔ་གཞུག་བྱས་ཏེ་གཏམ་བཤད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམ་ཚོགས་ཀྱིས“ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་མི་རིགས་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ལ་རོགས་འདེགས་བྱེད”ཅེས་པ་བརྗོད་བྱ་གཙོ་བོ་བྱས་ཤིང་། སངས་རྒྱས་འབུམ་གྱི་ཐང་ག་གསར་རྩོམ་གྱི་ཕུལ་བྱུང་སྒྱུ་རྩལ་དང་བོད་ལྗོངས་ཀྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་རྒྱུད་འཛིན་སྲུང་སྐྱོབ་བྱེད་པའི་ད་ལྟའི་གནས་ཚུལ་གསལ་བོར་མངོན་པར་བྱས་ཏེ། མི་སྔར་ལས་མང་པོས་ཐང་ག་སྒྱུ་རྩལ་ལ་རྒྱུས་ལོན་བྱས་ནས་ཐང་ག་སྒྱུ་རྩལ་རྒྱུད་འཛིན་དང་སྲུང་སྐྱོབ་ཁྲོད་ཞུགས་སུ་བཅུག འགྲེམ་སྟོན་ཚོགས་འདུའི་སྟེང་ཐང་ག་འབྲི་མཁན་ཆེན་མོ་སངས་རྒྱས་འབུམ་གྱིས་སེམས་ཞིབ་མོས་བཞེངས་པའི་ཐང་ག་ང་དྲུག་འགྲེམ་སྟོན་བྱས་པ་དང་ཀྲུང་གོའི་མི་རིགས་ང་དྲུག་ཁྱིམ་ཚང་གཅིག་ལྟ་བུ་ཡིན་པ་མཚོན་པར་བྱས་ཡོད་པ་རེད།

ཐེངས་འདིའི་ཐང་ག་འགྲེམ་སྟོན་ལ་ཚོན་བྲིས་དང་དམར་ཐང་། ནག་ཐང་། གསེར་ཐང་སོགས་ཐང་ག་སྒྱུ་རྩལ་རིགས་སྣ་མང་པོ་འདུས་པ་དང་། ཐིག་རིས་ཞིབ་ཚགས་དང་ཞི་དུལ་འདྲ་ཆགས། ཚོན་མདོག་བཀྲག་མདངས་ལྡན་པས་ཐུན་མིན་ཁྱད་ཆོས་མངའ་བའི་མི་རིགས་རི་མོའི་སྒྱུ་རྩལ་འདིས་འགྲེམ་སྟོན་སྟེང་ཕེབས་པའི་གཟིགས་མོ་བ་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ཡོད་པ་རེད།

སངས་རྒྱས་འབུམ་ནི་ད་ལྟ་རྒྱལ་ཁབ་མི་རིགས་རི་མོའི་གླིང་ཐང་ག་སྒྱུ་རྩལ་ཞིབ་འཇུག་གླིང་གི་ལག་བསྟར་ཡོན་ཀྲང་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རྩལ་པ་ཡིན་ཞིང་། རེབ་གོང་སྒྱུ་རྩལ་གྱི་ཕ་ས་སྟེ་མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་སེང་གེ་གཤོང་སྡེ་བར་སྐྱེས་ལ། ཆུང་དུས་ནས་རེབ་གོང་ས་ཁུལ་དུ་མིང་གྲགས་ཆེ་བའི་སྒྱུ་རྩལ་པ་རྒྱ་མཚོ་ལགས་ཀྱི་རྗེས་སུ་འབྲངས་ཏེ་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་རི་མོ་དང་འཇིམ་བཟོས་བརྐོས་རིས་ཐད་ལ་སློབ་སྦྱོང་བྱས།

སངས་རྒྱས་འབུམ་གྱིས་བསྟན་དོན། ཐང་ག་ནི་འཛམ་གླིང་སྟེང་ཆེས་རྙོག་འཛིང་ཆེ་བའི་ཞིབ་བྲིས་རི་མོ་ཡིན་ཞིང་། རང་ཉིད་ཀྱིས་ལོ་བརྒྱད་ཀྱི་སྟེང་ནས་ཐང་ག་ལ་སློབ་སྦྱོང་བྱེད་མགོ་བརྩམས་པ་དང་། ད་ལྟའི་བར་ལོ་ཞེ་བཞི་འགོར་སོང་། ལོ་བཞི་བཅུའི་རིང་ལ་ངས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་མི་རིགས་རིག་གནས་བརྟན་པོར་སྲུང་ནས་ཡོང་ཞིང་། རྗེས་ཕྱོགས་ཀྱང་མུ་མཐུད་དུ་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པར་མ་ཟད་ཐང་ག་སྒྱུ་རྩལ་འདི་འཕེལ་རྒྱས་གོང་འཕེལ་དུ་འགྲོ་བའི་ཐད་ལ་འབད་བརྩོན་བྱ་རྒྱུ་ཡིན་ཟེར།

 ཐེངས་འདིའི་འགྲེམ་སྟོན་ཀྲུང་གོའི་རྒྱལ་ཁབ་བཤམས་སྟོན་ཁང་བྱང་མའི་འགྲེམ་སྟོན་ཁང་བཅུ་གཅིག་པ་ནས་ཟླ6པའི་ཚེས7ཉིན་བར་འགྲེམ་སྟོན་བྱ་རྒྱུ་རེད། །

2.jpg

སངས་རྒྱས་འབུམ་གྱི་ཐང་ག་འགྲེམ་ཚོགས་མགོ་རྩོམ་པའི་མཛད་སྒོའི་ཡུལ་དངོས།

3.jpg

སངས་རྒྱས་འབུམ་གྱིས་སྐུ་མགྲོན་རྣམས་ལ་ཐང་ག་རྒྱུ་ཆ་མཚམས་སྦྱོར་བྱེད་བཞིན་པ།

4.jpg

སངས་རྒྱས་འབུམ་གྱིས་ཐང་ག་འགྲེམ་ཚོགས་སྟེང་ཞུ་ཚིག་འབུལ་བཞིན་པ།

5.jpg

ཐང་ག་འགྲེམ་ཚོགས་སྟེང་གི་གསར་འགོད་པ་རྣམས།

6.jpg

ཚོགས་རའི་ཟུར་ཞིག

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།