མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པ་ཟི་ལིང་ནས་གྲོལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་ཡུན་ཉིན་གཉིས་རིང་གི་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན་རྒྱལ་ཁའི་ངང་གྲོལ།

ཚོགས་ཐོག་ཏུ། འདེམས་བསྐོ་བྱས་པ་བརྒྱུད་དེ་ཀྲུའུ་ཞི་ཚོགས་པའི་ཨུ་ཡོན་བཞི་བཅུས་གྲུབ་པའི་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཐུན་མོང་བདམས་ཐོན་བྱུང་བ་དང་། ཀྲུའུ་ཞི་ཚོགས་པའི་ལག་བསྟར་ལས་འཛིན་ཚོགས་པའི་ཁོངས་མི་བདམས་ཐོན་བྱུང་ལ། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སྐབས་དྲུག་པའི་ཀྲུའུ་ཞི་ཚོགས་པའི་བྱ་བའི་སྙན་ཞུ་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་དང་། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཤུགས་ཡོད་མཛུབ་ཁྲིད་འོག མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་གྱིས་དཔལ་འབྱོར་སྤྱི་ཚོགས་བར་གྱི་མཐུན་སྦྱོར་གོང་འཕེལ་མངོན་འགྱུར་བྱས་པ་དང་། དབང་བོ་སྐྱོན་ཅན་གྱི་འཚོ་གནས་དང་འཕེལ་རྒྱས་གནས་བབ་ལ་འགྱུར་ལྡོག་མངོན་གསལ་བྱུང་ལ། ཡོང་སྒོའི་ཆུ་ཚད་ཅུང་མགྱོགས་པའི་སྒོ་ནས་འཕར་སྣོན་བྱུང་བ་དང་། སློབ་གསོའི་ཆུ་ཚད་བརྟན་བརླིང་ངང་ཇེ་མཐོར་སོང་ལ། ལུས་གསོའི་ཞབས་ཞུ་རྒྱུན་མ་ཆད་པར་རྒྱ་སྐྱེད་པ་དང་། ཁེ་དབང་ལ་སྲུང་སྐྱོབ་བཟང་བོ་ཐོབ་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དབང་བོ་སྐྱོན་ཅན་བྱ་བའི་སྒྲིག་གཞི་རྐྱེན་སྲོལ་སྲ་བརྟན་དང་འཐུས་ཚང་དུ་བཏང་སྟེ། དབང་བོ་སྐྱོན་ཅན་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས། དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་བཏང་ནས། དབང་བོ་སྐྱོན་ཅན་གྱི་ཞབས་ཞུའི་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་བྱེད་དགོས། དབང་བོ་སྐྱོན་ཅན་གྱི་གཙོ་གཞི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དབང་བོ་སྐྱོན་ཅན་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་དང་རོགས་འདེགས་བྱེད་དགོས་ཟེར།

ཚོགས་ཐོག་ཏུ། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ཆེའི་དབང་བོ་སྐྱོན་ཅན་དང་དབང་བོ་སྐྱོན་ཅན་གྱི་བྱ་བ་སྒྲུབ་མཁན་རྣམས་ཀྱིས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ལྔ་བཞིའི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ། དབང་བོ་སྐྱོན་ཅན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་རྒྱལ་ཁ་ལེན་པ། དུས་བཅད་ལྟར་དབང་བོ་སྐྱོན་ཅན་ཚོས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས་ཏེ། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་འབོད་སྐུལ་བཏང་།

ཐེངས་འདིའི་ཚོགས་འདུ་ལ་བསྡོམས་པས་དངོས་གཞིའི་འཐུས་མི་ཉིས་བརྒྱ་དང་ཞེ་གཅིག་དང་། ཆེད་ཞུའི་འཐུས་མི་ཞེ་དགུ ཟུར་ཞུགས་འཐུས་མི་བརྒྱད་དང་གཟེངས་བསྟོད་ཐོབ་པའི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་སུམ་བརྒྱ་བཅས་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།