ཧན་ཅན་ཧྭ་ཡིས་ཁྲལ་དོན་བྱ་བར་རྟོག་ཞིབ་བྱེད་སྐབས་བྱ་བའི་བྱེད་ཐབས་གསར་གཏོད་བྱས་ཏེ་ཞབས་ཞུ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་ཡིས་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཁྲིད་དེ་ཁྲལ་དོན་བྱ་བར་རྟོག་ཞིབ་བྱས་པ་དང་། བྱ་བའི་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས་ཞེས་ནན་གྱིས་བསྟན།

ཧན་ཅན་ཧྭ་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་རྒྱལ་ཁྲལ་ཅུའུ་རམ་འདེགས་ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཁང་དང་ཧེ་ཧུའུ་སྡོད་ཁུལ་གསར་པའི་རྒྱལ་ཁྲལ་ས་ཁྲལ་གཅིག་བསྡུས་ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཁང་དུ་ཡོང་ནས་སྙན་ཞུར་ཉན་པ་དང་ཡུལ་དངོས་ལྟ་ཞིབ་བྱས་པར་མ་ཟད། ཡུལ་དངོས་ཀྱི་ཁྲལ་སྒྲུབ་མང་ཚོགས་དང་བརྗེ་རེས་བྱས་ཏེ་རམ་འདེགས་ཁྲལ་སྒྲུབ་ཞབས་ཞུ་དང་རྒྱལ་ཁྲལ་ལས་སྒོ་ཞིང་ཆེན་ཡོངས་སུ་གཅིག་གྱུར་སྒོས་སྒྲུབ་པ། རྒྱལ་ཁྲལ་ས་ཁྲལ་ལས་སྒོ་ཚོགས་ཁང་གཅིག་ཏུ་གཅིག་གྱུར་སྒོས་སྒྲུབ་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁྲལ་ས་ཁྲལ་ཁོངས་གཏོགས་ཀྱིས་རྒྱུན་ཆད་མེད་པར་ཁྲལ་བསྡུ་དོ་དམ་ཇེ་དྲག་ཏུ་བཏང་བ་དང་དོ་དམ་ཞབས་ཞུ་ལེགས་སྒྱུར་དང་རིམ་སྤོར་བྱས་པར་མ་ཟད། སྟབས་བདེ་ཅན་གྱི་ཁྲལ་སྒྲུབ་ལ་སྐུལ་འདེད་བཏང་བ་དང་། ལྷག་པར་དུ་རམ་འདེགས་ཁྲལ་སྒྲུབ་དང་རྒྱལ་ཁྲལ་ས་ཁྲལ་གཅིག་གྱུར་སྒོས་སྒྲུབ་པ་དེས་ཁྲལ་འཇལ་མཁན་ལ་སྟབས་བདེའི་ཞབས་ཞུ་འདོན་སྤྲོད་བྱས་ཏེ་རྒྱལ་ཁྲལ་ས་ཁྲལ་ལས་སྒོའི་མཉམ་བསྲེས་ལ་ནུས་ཡོད་སྒོས་སྐུལ་འདེད་བཏང་ཟེར།

ཧན་ཅན་ཧྭ་ཡིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཁྲལ་སྒྲུབ་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ཞུགས་དགོངས་པ་མཛུབ་སྟོན་དུ་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་དགོས་ལ། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱ་བའི་བླང་བྱ་ལྟར། མཉམ་འབྲེལ་བྱ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་པ་དང་བྱ་བའི་མཐུན་སྦྱོར་རོགས་ལས་ཇེ་དྲག་ཏུ་གཏོང་བ། ཁྲལ་སྒྲུབ་ཐོན་ཁུངས་ལེགས་སྒྲིག་བྱེད་པ། ལས་སྒོའི་སྦྱོང་བརྡར་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁྲལ་ས་ཁྲལ་མཉམ་ལས་ཀྱི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བསྐྱེད་པ་དང་ཁྲལ་བསྡུ་དོ་དམ་ནུས་པ་མཐོར་འདེགས་གཏོང་དགོས། ཆ་འཕྲིན་ཅན་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་སྟེ་མཉམ་འབྲེལ་དྲ་རྒྱ་དང་ཁྲལ་དོན་མཉམ་བསྲེས་ཀྱི་སྟབས་བདེ་ལས་སྒོ་ཁྱབ་གདལ་དུ་གཏོང་དགོས་པ་དང་བྱ་བའི་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་ལ། ཁྲལ་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་གཅིག་བསྡུས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། ཁྲལ་བསྡུ་ཆ་འཕྲིན་ཅན་གྱི་བདེ་འཇགས་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་ཁྲལ་འཇལ་མཁན་དག་ལ་སྟབས་བདེའི་ཁྲལ་སྒྲུབ་ཞབས་ཞུ་འདོན་སྤྲོད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།