ཝང་ཡུས་པོ་ཡིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་དམངས་མཁའ་ཟོན་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་ཞིང་ཆེན་ཡོངས་ཀྱི་མི་དམངས་མཁའ་ཟོན་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་མི་དམངས་མཁའ་ཟོན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་མཁའ་ཟོན་བྱ་བའི་འཐབ་ཇུས་བསམ་བློ་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་པ་དང་། དུས་ལྟར་མཁའ་ཟོན་བྱ་བ་དང་དུས་རྒྱུན་གྱི་ཞབས་ཞུ། མཁོ་བསྟུན་རོགས་སྐྱོར་བཅས་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་དམངས་མཁའ་ཟོན་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཝང་ཡུས་པོ་ཡིས་བསྟན་དོན། ན་ནིང་ཞིང་ཆེན་ཡོངས་ཀྱི་མི་དམངས་མཁའ་ཟོན་བྱ་བའི་གྲོས་ཚོགས་བསྡུས་ཏེ། ཧྲུའུ་ཅི་དང་ཧྲིན་ཀྲང་ཝང་ཅན་ཅོན་གྱིས་གཏམ་གལ་ཆེན་བཤད་པས། རིམ་པ་སོ་སོའི་སྲིད་གཞུང་དང་མི་དམངས་མཁའ་ཟོན་སྡེ་ཁག་གིས་མུ་མཐུད་དུ་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་ཡོང་བར་འབད་འབུངས་ཧུར་ཐག་བྱེད་དགོས་ཟེར།

ཝང་ཡུས་པོ་ཡིས་ནན་གྱིས་བསྟན་དོན། མི་དམངས་མཁའ་ཟོན་བྱ་བ་ནི་རྒྱལ་སྲུང་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་ཡིད་ལ་དམ་པོར་འཛིན་པ་དང་། བདེ་སྡོད་ཉེན་བསམ་དང་བདེ་བའི་དུས་སུ་ཐོག་མའི་དཀའ་ངལ་མི་བརྗེད་པར་བྱས་ཏེ། མི་དམངས་མཁའ་ཟོན་འཛུགས་སྐྲུན་བྱ་བ་གལ་ཆེན་ཏུ་བརྩིས་ནས་འཛིན་དགོས་ཟེར།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།