ཝང་ཡུས་པའོ་ཡིས་མཚོ་སྔོན་ཞིང་ཆེན་དམིགས་བསལ་སློབ་གསོ་སློབ་གྲྭར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོ་ཐེངས་ཉེར་བརྒྱད་པ་ཐོན་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན་མཚོ་སྔོན་ཞིང་ཆེན་དམིགས་བསལ་སློབ་གསོ་སློབ་གྲྭར་སོང་སྟེ། རྒྱ་ཆེའི་དགེ་སློབ་རྣམས་ལ་འཚམས་འདྲི་བྱས་པར་མ་ཟད། སྟོབས་ཤུགས་ཡོད་རྒུས་དམིགས་བསལ་སློབ་གསོ་གོང་འཕེལ་དུ་བཏང་སྟེ། དབང་བོ་སྐྱོན་ཅན་གྱི་ན་ཆུང་བྱིས་པར་སློབ་སྦྱོང་གི་ཁོར་ཡུག་ཡོད་པ་དང་། བྱིས་པ་རྣམས་འཚར་ལོངས་འབྱུང་བར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝང་ཡུས་པའོ་ཡིས་སློབ་གྲྭ་འཛུགས་སྐྲུན་དང་། སློབ་མ་བསྡུ་ལེན། སློབ་གསོ་དང་སློབ་ཁྲིད་བྱ་བ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། སློབ་གྲྭའི་ཁོར་ཡུག་དང་ནུས་ལྡན་ཅན་གྱི་སློབ་ཁང་། སློབ་མའི་ཉལ་ཁང་སོགས་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ཆས་ལ་ལྟ་ཞིབ་བྱས་ཤིང་། དགེ་རྒན་དང་སློབ་མའི་བྱ་བ་དང་སློབ་སྦྱོང་། འཚོ་བ་བཅས་ཀྱི་གནས་ཚུལ་རྒྱུས་ལོན་བྱས།

ཝང་ཡུས་པའོ་ཡིས་བཤད་རྒྱུར། དམིགས་བསལ་སློབ་གསོ་ནི་རང་རྒྱལ་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཁྱིམ་ཚང་རེ་རེའི་བདེ་སྐྱིད་དང་དབང་བོ་སྐྱོན་ཅན་གྱི་ན་ཆུང་བྱིས་པ་བདེ་ཐང་སྒོས་འཚར་ལོངས་འབྱུང་བ་དང་འབྲེལ་བ་ཡོད་པས། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རེ་བ་ལག་བསྟར་ནན་མོ་བྱས་ནས། དམིགས་བསལ་སློབ་གསོ་གོ་གནས་སྔར་ལས་གལ་ཆེན་ཞིག་ཏུ་བཞག་སྟེ། སློབ་མ་ཁྱབ་གདལ་དུ་གཏོང་ཚད་སྔར་ལས་མཐོར་འདེགས་སུ་གཏོང་དགོས་ལ། དགེ་རྒན་དཔུང་སྡེ་འཐུས་ཚང་དུ་བཏང་ནས། དམིགས་བསལ་སློབ་གསོའི་སློབ་སྒྲུབ་ཆུ་ཚད་ནུས་ཡོད་སྒོས་མཐོར་འདེགས་སུ་གཏོང་དགོས་པར་མ་ཟད། དྲིལ་སྒྲོག་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་དབང་བོ་སྐྱོན་ཅན་གྱི་ན་ཆུང་བྱིས་པ་འཚར་ལོངས་འབྱུང་བར་ཐུགས་ཁུར་བྱེད་པ་དང་། དམིགས་བསལ་སློབ་གསོ་གོང་འཕེལ་དུ་གཏོང་བར་གཙིགས་འཛིན་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་སྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།