རྨ་ལྷོ་ཁུལ་གྱིས་རྒྱལ་ཁོངས་ལྗང་སྒྱུར་བྱ་བ་ཏན་ཏིན་གིས་བསྒྲུབས་པར་གྲུབ་འབྲས་མངོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་ཚུན་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། རང་བྱུང་ནགས་ཚལ་སྲུང་སྐྱོབ། བྱང་གསུམ་གནོད་འགོག་ནགས་ཚལ་སོགས་གཙོ་གནད་བཟོ་འགོད་འཛུགས་སྐྲུན་ལག་བསྟར་བྱས་པ་བརྒྱུད། ཁྱོན་བསྡོམས་མིས་བཟོས་ནགས་སྐྲུན་སྤྱི་ཆིང5900གྲུབ་པ་དང་། རི་བཀག་ནགས་གསོ་སྤྱི་ཆིང37200 གྲུབ་པ། འོས་འགན་སྡོང་རྐང་ཁྲི285འཛུགས་གྲུབ་བྱུང་སྟེ། སྔ་གཞུག་ཏུ“རྒྱལ་ཡོངས་ནགས་སྐྲུན་ལྗང་སྒྱུར་སྔོན་ཐོན་ཐུན་མོང”དང་།“ཞིང་ཆེན་ཡོངས་ཀྱི་ནགས་སྐྲུན་ལྗང་སྒྱུར་སྤུས་ལེགས་བཟོ་འགོད”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཅིང་། རྒྱལ་ཁོངས་ལྗང་སྒྱུར་བྱ་བར་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས།

རྨ་ལྷོ་ཁུལ་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཀྲང་ཁྲེང་ཕེན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། རྨ་ལྷོས་ཁུལ་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དེ་ཁུལ་ལྔ་རུ་བགོས་ཏེ། སྤྱིའི་ཆ་ནས“ལྟེ་བ་གཉིས་དང་ཁུལ་ལྔ”ཡི་སྐྱེ་ཁམས་གནས་སྟངས་གྲུབ་པ་དང་། མ་དངུལ་དུང་ཕྱུར15.48གཏོང་བའི་འཆར་གཞི་བཀོད་ཡོད།

ལྟེ་བ་གཉིས་ནི། གཅན་ཚ་རྫོང་རྨ་ཆུའི་བཞུར་རྒྱུན་དང་། ཐུན་རིན་རྫོང་རོང་བོ་དགུ་ཆུའི་བཞུར་རྒྱུན། ལྗང་སྒྱུར་དང་སྐྱེ་ཁམས་མཛེས་ལྗོངས་འཕེལ་རྒྱས་ལྟེ་བ་བཅས་ཡིན།

ཁུལ་ལྔ་ནི། དམེ་ཤུལ་ཁུལ་ཡིན་ལ་དེ་མཛེས་ལྗོངས་ལྗང་སྒྱུར་དང་མཐོར་འདེགས་གཏོང་ཁུལ་དུ་འཆར་འགོད་བྱས་ཡོད་ཅིང་། གཅན་ཚ་རྫོང་ཁུལ་དེ་རྨ་ཆུའི་བཞུར་རྒྱུན་གཅན་ཚའི་མཚམས་ཀྱི་ནགས་སྐྲུན་ཁུལ་དང་། ཁམས་ར་མཛེས་ལྗོངས་ལྗང་བསྒྱུར་ཁུལ་དང་དཔལ་འབྱོར་ནགས་འཛུགས་སྐྲུན་ཁུལ་བཅས་སུ་འཆར་འགོད་བྱས་ཡོད་ལ། ཐུན་རིན་རྫོང་ཁུལ་ཁག་དེ་རོང་བོ་དགུ་ཆུའི་བཞུར་རྒྱུན་ཐུན་རིན་མཚམས་ཀྱི་ནགས་སྐྲུན་ཁུལ་དང་ཆང་བ་ལིའི་དཔལ་འབྱོར་ནགས་འཛུགས་སྐྲུན་ཁུལ་དུ་འཆར་འགོད་བྱས་ཡོད། རྩེ་ཁོག་རྫོང་ཁུལ་ཁག་དེ་བརླན་སའི་སྲུང་སྐྱོབ་བཅོས་སྐྱོང་དང་བསྐྱར་གསོ་ཁུལ་དང་། བྱེ་སྐྱོན་འགོག་བཅོས་བཅོས་སྐྱོང་ཁུལ་དུ་འཆར་འགོད་བྱས་ཡོད་པ་དང་། ཧོ་ནན་སོག་རིགས་རང་སྐྱོང་རྫོང་ཁུལ་ཁག་དེ་བརླན་སའི་སྲུང་སྐྱོབ་བཅོས་སྐྱོང་དང་བསྐྱར་གསོ་ཁུལ་དུ་འཆར་འགོད་བྱས་ཡོད།

ཀྲང་ཁྲེང་ཕེན་གྱིས་བཤད་རྒྱུར། ཁུལ་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་ལོ་གསུམ་གྱིས་ཇེ་མགྱོགས་སུ་གཏོང་བའི་འགུལ་སྐྱོད་ལེགས་འགྲུབ་བྱུང་རྗེས། གཙོ་གནད་ས་ཁུལ་དང་ལྷག་པར་རོང་བོ་དགུ་ཆུའི་བཞུར་རྒྱུན་དང་རྨ་ཆུའི་འགྲམ་རྒྱུད་ཀྱི་གཅན་ཚའི་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་པ་དང་། མ་དངུལ་འཇོག་པའི་ཁོར་ཡུག་དང་ཐོན་སྐྱེད་ཁོར་ཡུག་ཇེ་ཡག་ཏུ་ཕྱིན་ཅིང་། དངོས་བརྒྱུད་གང་རུང་གི་དཔལ་འབྱོར་དང་སྤྱི་ཚོགས་ཕན་འབྲས་ཧ་ཅང་མངོན་གསལ་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།