ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་བརྒྱད་ཉིན། རྒྱལ་ཡོངས་མཐོ་རིམ་སློབ་ཆེན་གྱི་སློབ་བསྡུའི་རྒྱུགས་ལེན་བདེ་འཇགས་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་རྗེས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བསྟུད་མུར་གྲོས་ཚོགས་བསྡུས་ནས་མཐོ་རྒྱུགས་བྱ་བའི་བདེ་འཇགས་ལ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། བདེ་འཇགས་འགན་འཁྲི་ཕྲག་སྟེང་དུ་ལེན་པ་དང་དྲང་གཞག་ཡིད་རྟོན་རུང་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ནས། ཉིས་སྟོང་བཅོ་བརྒྱད་ལོའི་མཐོ་རྒྱུགས་བྱ་བ་གོ་རིམ་ཡོད་ལ་བདེ་འཇགས་ལྡན་པའི་ངང་ནས་སྤེལ་དགོས་ཟེར། ཝང་ཞོན་ཚོགས་འདུར་ཞུགས་ནས་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།
ཝང་ཡུས་པོ་ཡིས་བསྟན་དོན། མཐོ་རྒྱུགས་ནི་རྒྱལ་ཁབ་སློབ་གསོའི་རྒྱུགས་ལེན་གལ་ཆེན་ཞིག་ཡིན་པ་དང་། ཁྱིམ་ཚང་སྟོང་ཕྲག་དང་ན་གཞོན་སློབ་མ་མང་པོའི་ཁེ་ཕན་དང་ཐད་ཀར་འབྲེལ་བའི་ལས་དོན་ཆེན་པོ་ཞིག་ཡིན་པར་མ་ཟད། སློབ་གསོ་འདྲ་མཉམ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་མངོན་དུ་འགྱུར་མིན་ལ་རག་ལས་པའི་ལས་དོན་ཞིག་ཀྱང་ཡིན་ཟེར།
ཝང་ཡུས་པོ་ཡིས་ནན་གྱིས་བསྟན་དོན། ས་གནས་དང་ལས་ཁུངས་ཁག་གིས་འགོ་ཁྲིད་གཙོ་བོའི་གནད་འགག་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། རིམ་པ་རིམ་པ་བྱས་ཏེ་འོས་འགན་ལག་བསྟར་བྱེད་དགོས་པ་དང་། ཚུལ་ལུགས་དང་མི་མཐུན་པའི་རྒྱུགས་སྤྲོད་སྣང་ཚུལ་ཡོད་ཚད་བཀག་འགོག་དང་དེར་རྡུང་རྡེག་ནན་མོ་བཏང་ནས། སྲིད་ཇུས་དྲིལ་སྒྲོག་དང་འདྲི་རྟོག་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་ཏེ། མཐོ་རྒྱུགས་བྱ་བ་དྲང་གཞག་དང་དྲང་བདེན། ཁྲོམ་བསྒྲགས་བཅས་ཀྱི་ཁྱད་ཆོས་ལྡན་པར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་ཆེན་དཀྱུས་མར་སློབ་མ་བསྡུ་བའི་རྒྱུགས་ལེན་བདེ་འཇགས་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།