མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱི་རྫོང་དང་ཆུའུ་ཁ་ཤས་སུ་སོང་ནས་བྱིས་ནད་ཚན་ཁག་གི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཐད་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་གྱིས་ཞིང་ཆེན་སྲིད་གྲོས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁ་ཤས་དང་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་མི་སྣས་གྲུབ་པའི་མཉམ་འབྲེལ་རྟོག་ཞིབ་ཚན་ཆུང་ཁྲིད་དེ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱི་རྫོང་དང་ཆུའུ་ཁ་ཤས་སུ་སོང་ནས་བྱིས་ནད་ཚན་ཁག་གི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཐད་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་བལྟས་ན། མཚོ་སྔོན་ཞིང་ཆེན་གྱི་མཁར་ཞང་སྨན་བཅོས་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་བ་དང་མང་ཚོགས་ཀྱིས་སྨན་པར་བསྟེན་པའི་དགོས་མཁོ་རྒྱུན་ཆད་མེད་པར་ཇེ་ཆེར་སོང་བ། ལྷག་པར་དུ་རྒྱལ་ཁབ་ཀྱིས་ཁྱོན་ཡོངས་ནས་བྱིས་པ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་རྗེས་བྱིས་ནད་ཚན་ཁག་གི་སྨན་བཅོས་ཞབས་ཞུའི་ཐོན་ཁུངས་མི་འདང་བ་ལས་བྱུང་བའི་འདོན་སྤྲོད་དང་དགོས་མཁོའི་ཐད་ཀྱི་འགལ་བ་སྔར་ལས་འབུར་ཐོན་ཡིན་པ་དང་། བྱིས་ནད་སྨན་པ་མི་འདང་བའི་དཀའ་གནད་ཇི་ལྟར་ཐག་གཅོད་བྱེད་དགོས་པ་དེ་མིག་མདུན་གྱི་གནད་དོན་ཞིག་ཡིན་པར་འདོད།

ཝང་ཞོན་གྱིས་བསྟན་དོན། བྱིས་པ་ནི་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་རེ་བ་དང་མ་འོངས་པ་ཡིན་པས། ཐོག་མཐའ་བར་གསུམ་ཀུན་ཏུ་བྱིས་ནད་ཚན་ཁག་འཕེལ་རྒྱས་གཏོང་རྒྱུ་དེ་གོ་གནས་གལ་ཆེན་དུ་བཞག་སྟེ་བྱིས་ནད་ཚན་ཁག་གི་སྤྱི་ཕན་རང་བཞིན་དང་སྤྱི་ཚོགས་ཕན་ནུས་མངོན་དུ་འཇུག་དགོས་སྟེ། གཅིག་ནས་ཞིང་ཆེན་སྲིད་གཞུང་གིས་ནོར་སྲིད་དངུལ་གཏོང་དང་བྱིས་ནད་ཚན་ཁག་གི་སྨན་བཅོས་ཞབས་ཞུའི་འདོན་སྤྲོད་ཇེ་དྲག་ཏུ་གཏོང་བ། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་བཅས་རིམ་པ་བཞིའི་བྱིས་ནད་ཚན་ཁག་གི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཐད་རྟོག་ཞིབ་ནན་མོ་བྱེད་པ་བཅས་ལ་དམིགས་ཏེ་བློ་འདོན་ཇུས་འབུར་བྱེད་དགོས། གཉིས་ནས་བྱིས་ནད་ཚན་ཁག་གི་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་སྡེའི་གསོ་སྐྱོང་ཤུགས་ཚད་ཆེ་རུ་གཏོང་བ་དང་ལས་རིགས་འཕེལ་རྒྱས་ ཁོར་ཡུག་བཟང་བོ་བསྐྲུན་ནས་བྱིས་ནད་ཚན་ཁག་གི་འཕེལ་རྒྱས་ཐད་སྟོབས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱེད་པར་བློ་འདོན་ཇུས་འབུལ་བྱེད་དགོས། གསུམ་ནས་སློབ་གྲྭ་དང་གཞིས་ཁུལ། བུད་མེད་དང་བྱིས་པའི་བདེ་སྲུང་ཁང་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་བྱིས་པའི་བདེ་ཐང་ཤེས་བྱ་དྲིལ་སྒྲོག་བྱེད་པ་དང་། བྱིས་པའི་རིམས་ནད་སྔོན་འགོག་དང་སེམས་ཁམས་བློ་འདྲི་སོགས་ཀྱི་ཞབས་ཞུའི་བྱེད་ཐབས་འདོན་སྤྲོད་བྱེད་པའི་ཐད་བློ་འདོན་ཇུས་འབུལ་བྱེད་དགོས། བཞི་ནས་ཞིང་ཆེན་སྲིད་གཞུང་གིས་བསྡུས་པའི་བྱིས་ནད་ཚན་ཁག་གི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པའི་ཟླ་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་གོ་སྐབས་སུ་བརྩིས་ཏེ་གནས་པའི་གནད་དོན་དང་ནང་ཁུལ་གྱི་རྒྱུ་རྐྱེན། ཐག་གཅོད་བྱེད་ཐབས་བཅས་ལ་དམིགས་ནས་རིན་ཐང་ཡོད་པ་དང་བཀོལ་སྤྱོད་བྱེད་ཆོག་པ། སྤུས་ཚད་མཐོ་བའི་རྟོག་ཞིབ་སྙན་ཞུ་འདོན་སྤྲོད་བྱས་ཏེ་ཏང་ཨུ་དང་སྲིད་གཞུང་གིས་སྲིད་ཇུས་གཏན་ཁེལ་བྱེད་པའི་ཐད་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།